སྤྱི་ཚེས ༧ ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལ་ཤུགས་སྣོན་རྒྱག་རྒྱུའི་ཛ་དྲག་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ་ཧྲུའུ་ཅི་ཀྲང་ཆིང་ལི་དང་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱི་གལ་ཆེའི་བཀའ་སློབ་ཀྱི་དགོངས་དོན་རྒྱུད་བསྒྲགས་བྱས་པ་དང་། ལྷོ་ཁ་ས་ཁུལ་དུ་ཐོན་པའི་ཚབས་ཆེའི་འགྲིམ་འགྲུལ་ལས་འཛོལ་གྱི་གནས་ཚུལ་བརྡ་ཁྱབ་བཏང་ནས་བསླབ་བྱ་དང་ལེན་བྱས་ཏེ། རང་ལྗོངས་སུ་ཚབས་ཆེའི་འགྲིམ་འགྲུལ་ལས་འཛོལ་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་ལྗོངས་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་དོན་དང་ལྷག་པར་དུ་གཞུང་ལམ་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་དང་བཀོད་སྒྲིག་སྐྱར་མ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཀྲའོ་ཡིས་ཚོགས་འདུའི་ཐོག་བདེ་འཇགས་ངང་ཐོན་སྐྱེད་བྱེད་རྒྱུ་ནི་ཁྱོན་ཡོངས་དང་འབྲེལ་བ་ཡོད་ལ་བདེ་འཇགས་ཀྱི་འགན་འཁྲི་ནི་ཧ་ལྕང་ལྩི་པོ་རེད། རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་ཚན་པ་ཁག་གིས་བསླབ་བྱ་དང་ལེན་བྱས་ནས་ལས་འཛོལ་དེ་རིགས་མི་ཐོན་པ་བྱེད་དགོས་པ་དང་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཁྲིམ་ལྟར་འགན་འཁྲི་ནན་པོ་སྒྲུབ་པ། གཞི་རིམ་གྱི་ལས་དོན་དམ་འཛིན་བྱེད་པ། ལྟ་སྐུལ་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཐོན་སྐྱེད་ཀྱི་བདེ་འཇགས་ལྡན་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་པ་དང་། རང་ལྗོངས་ཀྱི་དཔལ་འབྱོར་མཆོངས་སྐྱོད་ལྟ་བུའི་གོང་འཕེལ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
སྤྱི་ཟླ ༣ པའི་ཚེས ༦ ཉིན་གྱི་ཆུ་ཚོད ༡༡ དང་སྐར་མ ༥༠ ཙམ་ལ་བོད A . B 5375 རྟགས་ཅན་གྱི་ཟོག་འདྲེན་རླངས་འཁོར་ཞིག་ནང་གོང་དཀར་རྫོང་གི་གནས་སྐོར་བྱེད་མཁན་མང་ཚོགས ༣༥ བླུག་ཡོད་པ་དང་། ལྷོ་ཁ་ས་ཁུལ་ཟངས་རི་རྫོང་ཁོངས་སུ་རླངས་ཁོར་གྱི་འཁོར་བཀག་ཡོ་ཆས་ལ་སྐྱོན་ཤོར་ནས་བྲག་ལ་རྡུང་ཏེ་མི ༢༥ དེ་མ་ཉིད་དུ་ཤི་བ་དང་། མི་གཅིག་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཤི་བ། མི ༩ ལ་རྨས་སྐྱོན་འཕོག་པ་བཅས་ཀྱི་གནས་ཚུལ་ཐོན་ཡོད། ད་བར་རྨས་སྐྱོན་འཕོག་པའི་ནད་པ་དེ་ཚོ་སྤྱིར་ན་སྲོག་ཉེན་ལས་མཐར་ཡོད་པ་རེད།
ལས་འཛོལ་ཐོན་རྗེས་རང་སྐྱོང་ལྗོངས་ཏང་ཨུད་དང༌སྲིད་གཞུང་གི་འགོ་ཁྲིད་ཀྱིས་ཕྲལ་མར་མཆན་བཀོད་བཀའ་སློབ་གནང་ནས། ལྷོ་ཁ་ས་ཁུལ་དང་འབྲེལ་ཡོད་ཚན་པས་ནུས་ཤུགས་གང་ཡོད་བཏོན་ཏེ་རྨས་མ་མྱུར་སྐྱོབ་བྱེད་པ་དང་། འདས་པོའི་ནང་མིར་སེམས་གསོ་གཏོང་དགོས་པ་མ་ཟད་ལས་འཛོལ་ཐོན་རྐྱེན་རྟག་དཔྱད་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་དང་དུས་མཚུངས་ཁྲག་གི་བསླབ་བྱ་བློ་ལ་བརྟན་པོ་བཅངས་ནས་མི་མངོན་པའི་རྐྱེན་ངན་བསེལ་ཐོག་བདེ་འཇགས་ཐད་ཀྱི་ཚབས་ཆེའི་ལས་འཛོལ་སླར་ཡང་མི་ཐོན་པ་བྱེད་དགོས་རྒྱུའི་མཛུབ་སྟོན་གནང་ཡོད་པ་རེད།།