ཉེ་དུས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ཙུང་ལི་དབུན་ཅའ་སྦའོ་ཡིས་གནང་བའི་སྲིད་གཞུང་ལས་དོན་སྙན་སྒྲོན་ནང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བས་མཛུབ་ཁྲིད་བྱས་ཡོད་ལ། སྙན་སྒྲོན་ཧྲིལ་པོའི་ནང་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང༌། དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས་གཏོང་བ། བསྒྱུར་བཅོས་སྒོ་དབྱེར་སྐུལ་སྤེལ་གཏོང་བ་བཅས་ཀྱི་བརྗོད་དོན་གཙོ་བོ་ཁྱབ་ཡོད་པ་དང༌། དམངས་གཅེས་དང་དམངས་ཕན། དམངས་ཕྱུག་བཅས་ཀྱི་ཚན་རིག་དང་མཐུན་པའི་སྲིད་འཛིན་འདུ་ཤེས་མངོན་ཡོད་པས། མཛུབ་ཁྲིད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཤུགས་ཆེ་ལྡན་ཡོད་པས་དེ་ནི་དངོས་འཛིན་དངོས་སྒྲུབ་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད་ཅེས་གསུངས་པ་རེད།
པད་མ་འཕྲིན་ལས་ཀྱིས། ཏང་གི་མི་རབས་གསུམ་གྱི་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་དང་བློ་མཐུན་ཧུའུ་ཇིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་ཀར་ཚད་མཐོའི་མཐོང་ཆེན་གནང་བ་དང༌། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད་པ་རེད། ད་ལོའི་ལོ་མགོར་ཚོགས་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བོད་ཀྱི་ལས་ཀར་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་པ་དང༌། བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་ལོ་རྒྱུས་ཀྱི་གོ་སྐབས་བཟང་པོ་མཁོ་འདོན་གནང་ཡོད་པས། དུས་རབས་ཀྱི་དོན་སྙིང་ལྡན་པའི་ལམ་ཚད་གསར་པ་ཞིག་ཏུ་གྱུར་ངེས་རེད་ཅེས་གསུངས་པ་རེད།
པད་མ་འཕྲིན་ལས་ཀྱིས། ད་ལོ་ང་ཚོས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཡག་ཏུ་གཏོང་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དང༌། དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་གོང་འཕེལ་ཡོང་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུ། རང་ངོས་ཀྱི་འཕེལ་རྒྱས་ནུས་པར་སྔར་བབས་ཤུགས་སྣོན་རྒྱག་རྒྱུ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་དང་ཆ་སྙོམས་ཅན་གྱི་ཆུ་ཚད་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ། ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་སྔར་བས་ཤུགས་སྣོན་རྒྱག་རྒྱུ། ནང་ས་དང་བོད་ལྗོངས་དབར་གྱི་སྤེལ་རེས་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་གཞིའི་ཟུངས་ནུས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་བཅས་དང་དུས་མཚུངས། ང་ཚོས་སྔ་ཕྱི་བར་གསུམ་དུ་ཡུན་རིང་བདེ་འཁོད་དེ་བོད་ཀྱི་ལས་ཀའི་བརྗོད་དོན་གཙོ་བོའི་གྲས་ཤིག་ལ་རྩིས་ཏེ། བརྟན་ལྷིང་སྲུང་སྐྱོང་གི་ལས་ཀར་དམ་འཛིན་ཏན་ཏིག་བྱས་ནས། སྤྱི་ཚོགས་གཞི་མཐུན་དང་བརྟན་ལྷིང་འགན་སྲུང་བྱེད་དགོས་ཞེས་གསུངས་པ་རེད།།