སྤྱི་ཚེས ༨ ཉིན་གྱི་སྔ་དྲོ་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེང་གསུམ་པའི་བོད་ལྗོངས་འཐུས་མི་ཚོགས་པས་འདེམས་བསྐོའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པ་མ་ཟད་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་སྒོ་མོ་དབྱེ་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཀྲང་ཆིང་ལི་དང་བྱམས་པ་ཕུན་ཚོགས། པད་མ་འཕྲིན་ལས་བཅས་ཚོགས་འདུར་ཕེབས་ཡོད་པ་དང༌། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ལེགས་མཆོག་གྲོས་ཞིབ་ལ་ཞུགས་ཡོད་པ་རེད། འཐུས་མི་ཚོས་གྲོས་ཞིབ་གནང་སྐབས་འདེམས་བསྐོའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང༌། ཚང་མས་རང་རྒྱལ་གྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལག་བསྟར་བྱེད་པ་དང་དམངས་གཙོའི་འདེམས་བསྐོ་ལག་བསྟར་བྱེད་པ་ནི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་རྨང་གཞི་ཡིན་ལ་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཐོན་པ་དང་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྲུབ་པ། རིམ་པ་ཁག་གི་རྒྱལ་ཁབ་ལས་ཁུངས་ཐོན་པའི་ཐབས་ལམ་དང་གོ་རིམ་གྲུབ་ཚུལ་ཞིག་རེད། འདེམས་བསྐོའི་ལམ་ལུགས་ནི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རྨང་གཞི་ཡིན་པ་དང་འདེམས་བསྐོའི་བཅའ་ཁྲིམས་ནི་སྤྱི་དམངས་ཀྱིས་ཁྲིམས་ལྟར་འདེམས་བསྐོའི་དབང་ཆ་དང་འདེམས་བྱེད་དབང་ཆ་བེད་སྤྱོད་གཏོང་བ་དང་། ཁྲིམས་ལྟར་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གྲུབ་པའི་གལ་ཆེའི་ཁྲིམས་ལུགས་ཞིག་རེད་ཅེས་གསུངས་པ་རེད།
འཐུས་མི་ཚོས་ཏང་གི་ཚོགས་ཆེན་བཅུ་བདུན་པའི་ཐོག་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་འཕེལ་གཏོང་བ་དང་མི་དམངས་དམངས་གཙོ་རྒྱ་སྐྱེད་བཏང་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་རྒྱུར་འགན་སྲུང་བྱས་ཏེ། རིམ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་འབོར་བསྡུར་ཚད་འདྲ་མཉམ་གྱི་སྒོ་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་རྒྱུའི་གྲོས་གཞི་སྟོན་པ་དང་དུས་མཚུངས་ཉེ་བའི་ལོའི་ནང་ས་གནས་ཁག་གིས་སྐབས་བརྗེ་བའི་འདེམས་བསྐོའི་ནང་ཉམས་མྱོང་མང་པོ་བསག་པ་དང་ལག་ལེན་དངོས་ནང་གནས་ཚུལ་གསར་པ་ཁག་གཅིག་ཐོན་ཡོད་པར་བརྟེན། ཏང་གི་སྐབས་བཅུ་བདུན་པའི་བླང་བྱ་ལག་བསྟར་དོན་འཁྱོལ་དང་འདེམས་བསྐོའི་ལམ་ལུགས་འཐུས་ཚང་གཏོང་རྒྱུར་འདེམས་བསྐོའི་ལས་ཀ་དངོས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་འདེམས་བསྐོའི་བཅའ་ཁྲིམས་དུས་ཐོག་ཏུ་འོས་འཚམས་ཀྱིས་བཟོ་བཅོས་བྱེད་དགོས་པ་དང༌། ཐེངས་འདིའི་བཟོ་བཅོས་ལས་དོན་གྱིས་ཁ་ཕྱོགས་ཁོང་དུ་ཆུད་པ་དང་དམངས་གཙོ་རྒྱ་ཆེར་གཏོང་བ། གཙོ་གནད་མངོན་གསལ་དོད་པ། གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག ཏན་ཏན་ཏིག་ཏིག་བཅས་ཀྱི་སྒོ་ནས་རིགས་དབྱེ་སྟེ་ཐག་གཅོད་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འདེམས་བསྐོའི་ལམ་ལུགས་ཀྱི་ཡོངས་ཁྱབ་རང་བཞིན་དང་འདྲ་མཉམ་རང་བཞིན་སྔར་བས་ཆེ་རུ་འགྲོ་བ་དང༌། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་འཚམས་པ་བྱས་ཐོག་འདེམས་བསྐོའི་ཁྲིམས་ལུགས་ལག་བསྟར་བྱེད་པའི་ཁྲོད་ཐོན་པའི་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་དགེ་ཚན་རང་བཞིན་འདོན་སྤེལ་བྱེད་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་ངེས་རེད་ཅེས་གསུངས་པ་རེད།།