
སྤྱི་ཚེས ༧ ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་བོད་ལྗོངས་འཐུས་མི་ཚོགས་པས་པེ་ཅིན་དུ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་དང༌། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་བཅར་འདྲི་དང་ལེན་གནང་བ་མ་ཟད་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་བྱ་རྒྱུ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུ། ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་རྒྱུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་སོགས་གསར་འགོད་པ་ཚོས་དོ་སྣང་བྱེད་པའི་གནད་དོན་ལ་ལན་བསྐྱོན་གནང་བ་རེད།
རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་ཚན་པ་ཆེ་ཁག་ནས་ཕེབས་པའི་གསར་འགོད་པ་བརྒྱ་ལྷག་ཙམ་བཅར་འདྲི་ཞུ་བར་ཕེབས་ཡོད་པ་དང་བྱམས་པ་ཕུན་ཚོགས་དང་པད་མ་འཕྲིན་ལས། རྡོ་རྗེ་ཚེ་གྲུབ། ཕུར་བུ། གསལ་སྒྲོན་སོགས་འཐུས་མིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་འདྲི་བར་ལན་བསྐྱོན་པ་དང་ཁོང་ཚོས་བོད་ལྗོངས་འདི་ཉིད་སྔ་མོ་ནས་རང་རེའི་རླབས་ཆེའི་མེས་རྒྱལ་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་དུས་རབས་ཕྱེད་ཀ་ལྷག་ཙམ་ནང་མུན་ནག་དང་གདུག་རྩུབ། རྗེས་ལུས་བཅས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་ཀྱི་བོད་རྙིང་པ་དེ་ཡར་ངོའི་ཟླ་བཞིན་འཕེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་ཏུ་འཛུགས་སྐྲུན་གནང་ཡོད་པ་མ་ཟད། མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ཉིན་རེ་བཞིན་གྲ་རྒྱས་གོང་འཕེལ་འགྲོ་བཞིན་ཡོད། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་བསྐོང་ཚོགས་གནང་བ་དེའི་ཐོག་ནས་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཆེན་པོ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམིགས་བསལ་ཐུགས་འཁུར་གནང་བ་གང་ལེགས་མཚོན་གྱི་ཡོད་པ་དང༌། བོད་ཀྱི་ལས་དོན་གྱི་གལ་ཆེའི་གནས་བབ་སྔར་བས་ཁ་གསལ་དུ་ཕྱིན་ཡོད་ལ་བོད་བཅོས་སྐྱོང་བྱེད་པའི་ལས་དོན་མཛུབ་ཁྲིད་བསམ་བློ་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་དང་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བ་བྱེད་པའི་དམིགས་ཚད་དང་འཐབ་ཇུས་ལས་འགན་སྔར་བས་ཁ་གསལ་དུ་ཕྱིན་ནས། དེང་སྐབས་དང་སླད་ཕྱིན་དུས་མཚམས་ཤིག་རིང་གི་ང་ཚོའི་གོང་འཕེལ་གྱི་ཁ་ཕྱོགས་གསལ་སྟོན་བྱུང་ཡོད་ཅེས་གསུངས་པ་རེད།
འཐུས་མི་ཚོས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་བསྐོང་ཚོགས་གནང་བ་དེའི་ཐོག་ནས་བོད་ལྗོངས་འདི་ཉིད་སླར་ཡང་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཏེ་ཐོབ་པར་དཀའ་བའི་རྩ་ཆེའི་གོ་སྐབས་འཕྲད་པ་མཚོན་གྱི་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་ཁོ་ཚོའི་སྣེ་འཁྲིད་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང༌། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་འཛུབ་སྟོན་བསམ་བློ་རྒྱུན་འཁྱོངས་བྱེད་པ། སླད་ཕྱིན་ལོ་བཅུ་གྲངས་འགའ་ཞིག་གི་གལ་ཆེན་ཐབས་ཇུས་ཀྱི་གོ་སྐབས་དམ་བཟུང་བྱེད་པ། མཆོངས་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཀྱི་བརྗོད་དོན་གཙོ་བོ་དང་དམ་པོར་བསྟུན་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱི་གོང་འཕེལ་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློར་དྲག་ཆས་ཆེན་པོ་སྤྲད་པ་བཅས་བྱས་ནས། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་པ་དང༌གཞི་རིམ་སྒྲིག་བཀོད་འཛུགས་སྐྲུན་ཆེན་པོ་བྱས་ནས་ཡུན་རིང་གོང་འཕེལ་ཐད་རྨང་གཞི་བཟང་པོ་གཏིང་བ། བདེ་སྡོད་ལས་བརྩོན་གྱི་ལས་གཞིར་སྐུལ་འདེད་ཆེན་པོ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་པ། ལེགས་ཆ་དང་ཁྱད་ལྡན་ཐོན་ལས་གོང་འཕེལ་ཆེན་པོ་བཏང་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་པ། དམངས་ཀྱི་འཚོ་བར་ལེགས་བཅོས་ཆེན་པོ་བཏང་བ་བཅས་བྱས་ནས་སྤྱི་ཚོགས་བྱ་གཞག་གོང་འཕེལ་མགྱོགས་པོ་གཏོང་བ་དང་སྒྲིག་གཞི་གསར་གཏོད་བྱས་ནས་རྒྱལ་ཡོངས་ཀྱི་ཁྲོམ་རའི་དཔལ་འབྱོར་མ་ལག་ནང་མགྱོགས་པོ་ཚུད་པ་བྱེད་པ། མི་རིགས་མཐུན་སྒྲིལ་ཆེན་པོར་བརྟེན་ནས་བོད་ལྗོངས་འདི་ཉིད་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་གྲ་རྒྱས་གོང་འཕེལ་ཡོང་བའི་དཔེ་མཚོན་ཞིག་ཏུ་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ཡོང་བ་བྱེད་པའི་ཐོག་ནས་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པ་བཅས་བྱ་རྒྱུ་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲ་བརྟན་འགོ་ཁྲིད་ཡོད་པ་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ཡོད་པ་མ་ཟད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད་ང་ཚོས་གོང་འཕེལ་དང་བརྟན་ལྷིང་གི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་ཐུབ་ངེས་ཡིན་པར་ཡིད་ཆེད་བརྟན་པོ་བྱེད་ཀྱི་ཡོད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དེ་མྱུར་ཚད་མགྱོགས་པའི་འཁོར་ལམ་ཐོག་བསྐྱོད་ཐུབ་ངེས་ཡིན་པ་དང་། སྤྱི་ཚོགས་བརྟན་ལྷིང་ཡོང་བ་བྱ་རྒྱུ་དེ་ཡང་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཏེ་མཐུན་སྒྲིལ་དང་དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་ཡང་རྩེའི་ཐོག་འགྱིངས་ངེར་ཐོན་ངེས་རེད་ཅེས་གསུངས་པ་རེད།
བྱམས་པ་ཕུན་ཚོགས་ཀྱིས་གསར་འགོད་པའི་དྲི་བར་ལན་སྐྱོན་སྐབས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཚོ་བོད་དུ་བཅར་འདྲི་གནང་བར་ཕེབས་ནས་གང་སར་མང་ཙམ་སྐྱོད་པ་དང༌མང་ཙམ་གཟིགས་པ། མང་ཙམ་གསན་པ་བཅས་གནང་ནས་བོད་ལྗོངས་ཀྱི་སྔོན་མ་དང༌ད་ལྟ། འབྱུང་འགྱུར་བཅས་ཤེས་རྟོག་གནང་ཏེ་འཛམ་གླིང་སྐྱེ་བོ་ཀུན་ལ་བོད་ཀྱི་གནས་ཚུལ་དངོས་དང་བོད་ཀྱི་གོང་འཕེལ། ཡར་ངོའི་ཟླ་ལྟར་འཕེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བཅས་དྲིལ་བསྒྲགས་གནང་རྒྱུར་སྙིང་དབུས་ནས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།