རང་སྐྱོང་ལྗོངས་ས་གཤིས་རྩད་ཞིབ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཟླ ༦ པའི་ཟླ་མཇུག་བར་མཚོ་བོད་ཀྱི་ཆེད་དོན་རྣམ་གྲངས་ཞེས་སུ་གྲགས་པའི་མཚོ་བོད་ས་མཐོའི་ས་གཤིས་གཏེར་རྫས་བརྟག་དཔྱད་དང་གདེང་འཇོག་བྱེད་པའི་ཆེད་དོན་རྣམ་གྲངས་ལས་དོན་འཆར་གཞི་གཞིར་བཟུང་ལག་བསྟར་བྱེད་བཞིན་ཡོད་པ་དང་སྤྱི་ཡོངས་ཀྱི་འཕེལ་རིམ་བདེ་བླགས་བྱུང་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ཀྱི་ཆེད་དོན་རྣམ་གྲངས་དེའི་ནང་རང་ལྗོངས་སུ་ད་ལོ་གསར་དུ་སྤེལ་རྒྱུའི་རྣམ་གྲངས་གཉིས་དང་མཇུག་སྐྱེལ་རྣམ་གྲངས ༡༥ ཡོད་པ་རེད། དེའི་ནང་ས་གཤིས་གཏེར་རྫས་བརྟག་དཔྱད་རྣམ་གྲངས ༦ གཏེར་རྫས་ཞིབ་བཤེར་བྱས་པ་བརྒྱུད་གཏེར་གདོས་དང་གཏེར་འགྱུར་ཁུལ ༡༥ བརྙེད་ནས་རྗེས་མའི་ལས་དོན་སྤེལ་རྒྱུར་གལ་ཆེའི་གཞི་འཛིན་ས་མཁོ་འདོན་ཐུབ་ཡོད་པ་དང༌། གཏེར་རྫས་རྩད་ཞིབ་རྣམ་གྲངས ༥ ཡི་ནང་གི་རྣམ་གྲངས་གསུམ་ལ་ཕྱོགས་བསྡུས་ཞིབ་འཇུག་བྱེད་བཞིན་ཡོད་པས་ལོ་མཇུག་གོང་རྩད་ཞིབ་གྲུབ་འབྲས་སྙན་ཞུ་འབུལ་རྒྱུ། རྣམ་གྲངས་གཉིས་ཀྱིས་གཏེར་གདོས་ལ་ཚོད་འཛིན་བྱས་པ་དེའི་ནང་ནས་མཚོ་མོ་ངང་ལག་རིང་མོ་ནས་རྒྱལ་མོ་རྔུལ་ཆུའི་བར་གྱི་གཏེར་ཁ་ཆགས་ཁུལ་དེའི་ནུབ་བརྒྱུད་ལྕགས་རིགས་སྣ་མང་གི་ཐོན་ཁུངས་བརྟག་དཔྱད་རྣམ་གྲངས་ཀྱིས་ཐོན་ཁུངས་ཇེ་མང་དུ་གཏོང་ཐུབ་བཟོ་ཡོད་རེད།།