རྒྱལ་སྤྱིའི་སྐབས་ལྔ་པའི་རྐང་ཐང་མར་གནམ་མཚོ་བསྐོར་བའི་ཚོགས་ཆེན་སྤྱི་ཚེས ༢༥ ཉིན་ལྷ་སར་འཚོགས་འགོ་ཚུགས་པ་རེད། ཤེས་རྟོགས་བྱས་པར་གཞིགས་ན། སྐབས་འདིའི་རྐང་ཐང་མར་གནམ་མཚོ་བསྐོར་བའི་ཚོགས་ཆེན་དེ་གནམ་མཚོར་འཛོམས་པ་ཞེས་པས་བརྗོད་དོན་གཙོ་བོ་བྱས་པ་དང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་འདྲིས་མངོན་པ་དང༌། ལྷ་སའི་ཡུལ་སྐོར་གོང་འཕེལ་ལ་སྐུལ་མ་གཏོང་བ། ཁོར་ཡུག་སྲུང་སྐྱོབ་་ཐོག་ནས་འཚོ་གནས་བྱེད་སྟངས་དར་སྤེལ་གཏོང་རྒྱུ་བཅས་ཀྱིས་དམིགས་ཡུལ་བྱས་པ་རེད། རྐང་ཐང་ཚོགས་ཆེན་དེ་དུས་ཚོད་རྩིས་ཐབས་འགྲན་བསྡུར་ལམ་ལུགས་ལག་བསྟར་བྱས་ཏེ་སྤྱི་ཚེས ༢༥ ནས ༢༧ ཉིན་བར་འགྲན་བསྡུར་བྱ་རྒྱུ་དང༌། རྐང་ཐང་མར་གནམ་མཚོ་བསྐོར་བའི་ལམ་ཐག་ལ་སྤྱི་ལེ་གསུམ་བཅུ་ནས་བཞི་བཅུའི་བར་ཡོད་པ་རེད།
སྐབས་འདིའི་རྐང་ཐང་མར་གནམ་མཚོ་བསྐོར་བའི་འགྲན་བསྡུར་ནང་ཞུགས་མཁན་ཕྱི་རྒྱལ་གྱི་འགྲན་བསྡུར་བ་དང༌། རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར། དེ་བཞིན་ལྷ་ས་ཁུལ་བཅས་ཀྱི་འགྲན་བསྡུར་བ་ཁྱོན ༩༣ ཡོད་པ་རེད། སྐབས་འདིའི་རྐང་ཐང་མར་གནམ་མཚོ་བསྐོར་བའི་བྱེད་སྒོའི་ནང་རྐང་ཐང་མར་སྐོར་བའི་ལམ་ཐིགས་གསར་པ་བཟོས་པ་མ་ཟད་སྒར་སའི་འགྲན་བསྡུར་དང༌། སྒོར་གཞས་རྒྱག་པའི་བྱེད་སྒོ་སོགས་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་རེད།།