ཉེ་དུས། ཚོང་དོན་པུའུ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་པེ་ཅིང་དུ་པུའུ་དང་རང་སྐྱོང་ལྗོངས་དབར་གྱི་ཁ་གཏད་རོགས་སྐྱོར་དང་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་བཞག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ལི་མིང་རྟགས་བཀོད་པའི་འཛད་སྒོར་ཕེབས་ཡོད་པ་དང༌། ཚོང་དོན་པུའི་པུའུ་ཀྲང་གྲེན་རྡ་མིན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་གྲོས་མཐུན་ཐོག་མིང་རྟགས་བཀོད་གནང་བ་རེད།
ཀྲང་ཆིང་ལིའི་ཡིས་གྲོས་མཐུན་འཇོག་པའི་མཛད་སྒོའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཚོང་དོན་པུའུ་ནས་ལོ་མང་རིང་བོད་ལྗོངས་གོང་འཕེལ་དང་བརྟན་ལྷིང་གི་ལས་དོན་ཁག་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ད་རེས་ཚོང་དོན་པུའུ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཁ་གཏད་རོགས་སྐྱོར་དང་མཉམ་ལས་བྱ་རྒྱུའི་གྲོས་མཐུན་བཞག་པ་དེ་ནི་བྱ་སྤྱོད་ངོ་མའི་ཐོག་ནས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཐད་འགུལ་ཤུགས་དང་གསོན་ཤུགས་སྦྱིན་རྒྱུ་མ་ཟད་གོང་འཕེལ་ཆེན་པོ་ཡོང་ཐུབ་ངེས་རེད་ཅེས་གསུངས་པ་རེད།
ཚོང་དོན་པུའི་པུའུ་ཀྲང་གྲན་རྡེ་མིང་གིས། ཚོང་དོན་པུས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་བླང་བྱ་གཞིར་བཟུང་བོད་ཀྱི་ཚོང་དོན་བྱ་གཞག་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། བོད་རང་སྐྱོང་ལྗོངས་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲོམ་ར་གཏོད་རོགས་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ཉོ་ཚོང་གོང་འཕེལ་ཤུགས་ཆེ་གཏོང་བ། ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་ཧུར་ཐག་བྱེད་པ་དང་དཔལ་འབྱོར་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཤེས་རྟོག་བྱུང་བར་གཞིགས་ན། ཚོང་དོན་པུའུ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཁ་གཏད་རོགས་སྐྱོར་དང་མཉམ་ལས་ཀྱི་གྲོས་མཐུན་ལ་གཞིགས་ནས། སླད་ཕྱིན་ལོ་ལྔའི་ནང་ཚོང་དོན་པུས་ཕྱོགས་བདུན་ཐད་ནས་རང་ལྗོངས་ལ་ཁ་གཏད་རོགས་སྐྱོར་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་སྟེ།
གཅིག་ནས། བོད་ལྗོངས་ཚོང་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གཉིས་ནས། བོད་ནང་ཁུལ་གྱི་ཉོ་ཚོང་ལས་དོན་གོང་འཕེལ་མགྱོགས་པོ་འགྲོ་རྒྱུར་སྐུལ་མ་གཏོང་རྒྱུ། གསུམ་ནས། ཨེ་ཤེ་ཡ་ལྷོ་ཁུལ་རྒྱལ་ཁབ་ཁག་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱབ་ཏེ་མཐའ་མཚམས་སྒོ་མོ་དབྱེ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། བཞི་ནས། ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ངང་འཕར་བ་བྱས་ཏེ་ཕྱི་ཕྱོགས་ཉོ་ཚོང་ཀྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ། ལྔ་ནས། ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་བྱེད་པའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་ནས་བོད་ཀྱི་ཁྱད་ལྡན་དང་ཁྱད་འཕགས་ཐོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། དྲུག་ནས། བོད་ཀྱི་ཚོང་དོན་ལ་མ་དངུལ་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བདུན་ནས། བོད་ཀྱི་ཚོང་དོན་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་ཤུགས་སྣོན་རྒྱག་རྒྱུ་བཅས་རེད།།