ད་ལོའི་ཚོགས་འདུ་གཉིས་ཀྱི་ཐོག་འཛམ་གླིང་དངོས་རིགས་འགྲེམ་ཚོགས་ནི་འཐུས་མི་དང་ཨུ་ཡོན་ཚོའི་བགྲོ་གླེང་བྱེད་མང་བའི་སྐད་ཆ་ཞིག་རེད། པེ་ཅིང་དུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་བཞིན་པའི་རང་ལྗོངས་ཀྱི་ཨུ་ཡོན་ཚེ་དབང་བཀྲ་ཤིས་ཀྱིས། ཚོགས་གྲབས་ཡོད་པའི་ཧྲང་ཧའེ་འཛམ་གླིང་དངོས་རིགས་འགྲེམ་ཚོགས་ནི་རང་རྒྱལ་གྱིས་པེ་ཅིང་ཨོ་རྩལ་འགྲན་ཚོགས་གཉེར་བའི་རྗེས་འཚོགས་རྒྱུའི་རྒྱལ་སྤྱིའི་བྱ་བ་ཆེན་པོ་ཞིག་ཡིན་པ་དང༌། རྒྱལ་ཡོངས་ཀྱིས་རེ་འགུག་དང་འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་ཀྱི་ཡོད། རྒྱལ་སྤྱིའི་བྱ་བ་ཆེན་པོ་དེའི་ཁྲོད་བོད་ཀྱི་འཕེལ་རྒྱས་ཤུགས་ཆེན་འགྲོ་ཚུལ་དང་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པ་གང་ལེགས་མངོན་ཐུབ་པ་བྱེད་རྒྱུ་དང༌། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་གི་བདེ་སྐྱིད་འཚོ་བའི་དུས་རབས་ཀྱི་ཉམས་གྱུར་གང་ལེགས་མངོན་ཐུབ་པ་བྱས་ནས། བོད་ཀྱིས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་བཏང་སྟེ་མཉམ་ལས་དང་སྤེལ་རེས་ཀྱི་གོམ་སྟབས་གསར་པ་སྤོ་རྒྱུ་རེད་ཅེས་གསུངས་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྨོན་ལམ་རྡོ་རྗེས། ཧྲང་ཧའེ་འཛམ་གླིང་དངོས་རིགས་འགྲེམ་ཚོགས་ནི་རང་རྒྱལ་མི་དམངས་ཀྱིས་རང་གྲོང་ཁྱེར་གྱི་འཚོ་བའི་ནུས་པ་དང་མི་མངོན་པའི་ནུས་ཤུགས་མངོན་པ་བྱེད་པའི་བྱ་བ་གལ་ཆེན་ཞིག་ཡིན་པ་དང༌། སྤྱི་ལོ ༢༠༠༨ ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱིས་འཛམ་གླིང་ཡོངས་ལ་བག་ཆགས་གཟབ་མོ་བཞག་པ་ལྟར་ཧྲང་ཧའེ་དངོས་རིགས་འགྲེམ་ཚོགས་ཀྱིས་ཀྱང་བག་ཆགས་གཟབ་མོ་འཇོག་ཐུབ་ངེས་རེད་ཅེས་གསུངས་པ་རེད།།