ཉེ་དུས་རང་སྐྱོང་ལྗོངས་ལྕགས་ལམ་གཞུང་དོན་ཁང་གི་འགན་འཁུར་བའི་ཕེབས་རོགས་འོག ལྕགས་ལམ་པུའི་རྩད་ཞིབ་ཇུས་འགོད་ཁང་དང་པོའི་སྤྱི་ཁྱབ་བཟོ་སྐྲུན་ཆེ་མོ་ཞུས་ཧུང་ཁྲུན་དང་བཅས་པ་གཞིས་རྩེ་ས་ཁུལ་དུ་ཕེབས་ཏེ་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་སྐྲུན་འགོ་མ་བཙུགས་གོང་གི་ལས་དོན་ལ་གཟིགས་ཞིབ་གནང་བ་རེད། གཞིས་རྩེ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་དང་ལྕགས་ལམ་པུའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་བཞུགས་མོལ་ཚོགས་འདུ་འཚོགས་པ་དང༌། གཞིས་རྩེ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་གཞིས་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་འཛུགས་སྐྲུན་གྱི་འབྲེལ་ཡོད་གནད་དོན་སྐོར་རིགས་གཅིག་མཁས་ཅན་ཚོགས་ཆུང་ལ་ཁྱོན་ཡོངས་ནས་སྙན་སེང་ཞུས་པ་མ་ཟད། མེ་འཁོར་འབབ་ཚུགས་ཀྱི་ས་ཆ་དང༌། ས་ཆ་བསྡུ་སྤྱོད་བྱས་རྗེས་གནས་སྤོ་བྱ་རྒྱུ། གཞིས་རྩེ་ནས་གཉའ་ལམ་དང༌། གཞིས་རྩེ་ནས་གྲོ་མོ་བར་གྱི་ཡན་ལག་ལྕགས་ལམ་སྐྲུན་འགོ་མ་བཙུགས་གོང་གི་ལས་དོན་སོགས་ཐད་གྲོས་འགོ་བཏོན་གནང་བ་རེད།
གཞིས་རྩེ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་དབུ་ཁྲིད་ཀྱིས་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་སྐྲུན་འགོ་མ་བཙུགས་གོང་གི་ལས་དོན་སྙན་སེང་ཞུ་སྐབས་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ལམ་ཐིག་གཏན་འཁེལ་བྱུང་རྗེས་ང་ཚོས་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ནས་མཐུན་སྦྱོར་གཞོགས་འདེགས་དང༌དྲིལ་བསྒྲགས་སྐུལ་སློང༌། ས་ཆ་བསྡུ་སྤྱོད། གནས་སྤོའི་ཁ་གསབ། རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང༌། བདེ་འཇགས་དོ་དམ་སོགས་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་ནས་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུར་ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།།