ཉེ་དུས། བོད་སྡོད་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེ་མི་དམངས་ཉེན་རྟོག་པ། ལྗོངས་ཐད་གཏོགས་ལས་ཁུངས་དང༌ཀྲུང་དབྱང་ཐད་གཏོགས་ལས་ཁུངས། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་བཅས་ཀྱི་ལས་བྱེད་ལས་བཟོ་པ་གཅིག་རྗེས་གཉིས་མཐུད་ངང་ཁྲོམ་གཞུང་དུ་བསྐྱོད་དེ་ལམ་གཡས་གཡོན་གྱི་རྩེ་ཤིང་མེ་ཏོག་སོགས་ལ་ཆུ་བརྒྱབ་པ་དང༌། གད་སྙིགས་གཙང་ཕྱགས་བྱས་ཏེ་མཐུལ་སྒྲིལ་དང་གོང་འཕེལ། ཞི་མཐུན་བཅས་ལ་སྐུལ་འདེད་གཏོང་བ་དང་དུས་བདེ་འགན་སྲུང་བྱེད་རྒྱུས་བརྗོད་བྱ་གཙོ་བོ་བྱེད་པའི་དམག་དམངས་ཉེན་རྟོག་པའི་གཉིས་བཀུར་མཉམ་འཛུགས་དང་མཉམ་སྲུང་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྔར་བས་སྐུལ་འདེད་བཏང་བ་རེད། གླིང་སྐོར་ལམ་དུ་སྐོར་རར་འགྲོ་བཞིན་པའི་ཨ་མ་ཆོས་སྒྲོན་ལགས་ཀྱིས་གསར་འགོད་པར་ང་ཉིན་ལྟར་སྐོར་རར་འགྲོ་གི་ཡོད། དེ་རིང་བཅིངས་གྲོལ་དམག་གིས་ལྕང་མར་ཆུ་བརྒྱབ་པ་དང༌། གྲོང་ཁུལ་དུ་གཙང་སྦྲ་གནང་བ་མཐོང་དུས་ང་ཧ་ཅང་དགའ་པོ་བྱུང༌། ང་ཚོའི་བུ་ཕྲུག་དམག་གིས་སྔོན་མའི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་བྱས་ནས་དམག་གིས་དམངས་ལ་དགའ་ཞེན་དང་དམངས་ཀྱིས་དམག་ལ་བཀུར་བ། དམག་དམངས་སེམས་པ་གཅིག་སྒྲིལ་ཡིན་པས། ང་ཚོའི་གྲོང་ཁྱེར་འདི་དེ་བས་མཛེས་སྡུག་ལྡན་པ་དང་དེ་བས་ཞི་མཐུན་ཡོང་ངེས་རེད་ཅེས་གསུངས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་དམག་དམངས་ཉེན་རྟོག་པའི་གཉིས་བཀུར་མཉམ་འཛུགས་དང་མཉམ་སྲུང་བྱེད་སྒོར་ཚན་པ་བརྒྱ་དང་བཞི་བཅུ་ལྷག་ཙམ་དང་མི་གྲངས་ཁྲི་ལ་ཉེ་བ་ཞུགས་ཡོད་པ་དང༌། བྱེད་སྒོ་དེ་སྤེལ་བར་མི་རིགས་ཁག་གི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།།