ཀྲུང་གོའི་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་སྔ་ཕྱི་བར་གསུམ་དུ་དར་ཆ་གསལ་སྟོན་དང་སྤྱི་ཡོངས་ལ་དམིགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ། བསྒྱུར་བཅོས་གསར་གཏོད་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་བོད་ལྗོངས་སུ་རྐང་པ་ཚུགས་པ་དང་། རྒྱལ་ཡོངས་དང་འཛམ་གླིང་ལ་ཁ་ཕྱོགས་ཏེ་ཡང་དག་གླེང་ཕྱོགས་ཀྱིས་འཁྲིད་སྟོན་བྱེད་པ་དང་ “ཉེ་བ་གསུམ་”གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་བོད་ལྗོངས་གསར་པའི་དུས་རིམ་ཁག་གི་བསྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ཀྱི་ཆེད་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།།
ཀྲུང་གོའི་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནི་༡༩༥༩ལོའི་སྤྱི་ཟླ་དང་པོའི་ཚེས་༡ཉིན་ནས་གཉེར་འགོ་ཚུགས་པ་དང་། ལོ་ལྔ་བཅུའི་རིང་ལས་ཁུངས་འདི་ཉིད་མེད་པ་ནས་ཡོད་པ་དང་། གཉོམ་ཆུང་ནས་སྟོབས་ཆེའི་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་སྟེ། ད་ལྟ་ཀྲུང་གོའི་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་བོད་སྐད་རླུང་འཕྲིན་དང་། རྒྱ་སྐད་རླུང་འཕྲིན། ཁམས་སྐད་རླུང་འཕྲིན། གྲོང་ཁྱེར་འཚོ་བའི་རླུང་འཕྲིན་བཅས་འཕྲིན་ལམ་མི་འདྲ་བ་བཞིའི་ལེ་ཚན་དང་། ཀྲུང་གོའི་བོད་ལྗོངས་རླུང་འཕྲིན་དྲ་བ་གཉེར་སྐྱོང་བྱེད་བཞིན་ཡོད། འཕྲིན་ལམ་མི་འདྲ་བ་བཞིའི་ལེ་ཚན་དེ་དག་རྒྱ་བོད་དབྱིན་བཅས་སྐད་རིགས་མི་འདྲ་བ་གསུམ་གྱི་ཐོག་ནས་གཏོང་གི་ཡོད་པ་དང་། ཉིན་གང་གི་རླུང་འཕྲིན་གཏོང་ཚད་ཆུ་ཚོད་༨༠དང་སྐར་མ་༠༥ཟིན་གྱི་ཡོད་པ་མ་ཟད་ང་ཚོས་དྲ་བ་རྒྱུད་རྒྱ་བོད་དབྱིན་གསུམ་གྱི་ཐོག་ནས་འཛམ་གླིང་ཕྱོགས་ལ་བོད་ལྗོངས་སྐོར་གྱི་ཆ་འཕྲིན་མང་དག་མཁོ་འདོན་བྱེད་པ་དང་ཆབས་ཅིག་རླུང་འཕྲིན་གྱི་འཕྲིན་ལམ་མི་འདྲ་བ་བཞིའི་ལེ་ཚན་ཡང་དྲ་ཐོག་ནས་གཏོང་གི་ཡོད། ད་ཆ་ལྗོངས་ཡོངས་སུ་རླུང་འཕྲིན་ཁྱབ་ཚད་བརྒྱ་ཆ་༨༨དང་གྲངས་ཆུང་ ༨༡ཟིན་གྱི་ཡོད། ང་ཚོའི་ལེ་ཚན་ཨེ་ཤི་ཡ་གླིང་དང་ཨ་ཧྥེ་རི་ཁ་གླིང་། ཡོ་རོབ་གླིང་། ཨའུ་ཧྲེ་ཨལ་ནི་ཡ་གླིང་(རྒྱ་མཚོ་ཆེན་པོ་གླིང་)སོགས་ཀྱི་རྒྱལ་ཁབ་དང་ས་ཁུལ་ལྔ་བཅུ་ལྷག་ཙམ་དུ་ཁྱབ་ཡོད་པས་ཀྲུང་གོའི་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་འདི་ཉིད་རྒྱལ་ཕྱི་རྒྱལ་ནང་གི་རླུང་འཕྲིན་གསན་མཁན་ཚོས་ཡ་མཚན་གྱི་བོད་ལྗོངས་ལ་རྒྱུད་མངའ་ཡོང་བ་བྱེད་ས་གལ་ཆེན་ཞིག་ཏུ་གྱུར་ཡོད།།
ཀྲུང་གོའི་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་རྒྱ་བོད་ལེ་ཚན་གལ་ཆེ་མཉམ་འཛིན་བྱེད་པ་དང་། བོད་སྐད་ལེ་ཚན་གྱིས་ལས་ཁུངས་མིང་གྲགས་འཕེལ་བ་བྱེད་རྒྱུའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་དྲིལ་བསྒྲགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལེ་ཚན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ལེ་ཚན་རྩེ་གྲ་གཏོད་པའི་ལས་གཞི་ལག་བསྟར་བྱས་ཐོག་༼བོད་ལྗོངས་གསར་འགྱུར་མཉམ་བསྒྲགས༽(རྒྱ་བོད་གཉིས་ཡོད)དང་༼ཞིང་འབྲོག་རླུང་འཕྲིན༽༼སྙན་དབྱངས་ཕོ་ཉ༽༼མཚན་མོའི་འཛོམས་དུས༽༼༩༨༠གསར་འགྱུར་ཐད་གཏོང་༽༼མཛའ་བཅུག་གསེར་ཟམ༽༼གླིང་རྗེ་གེ་སར༽༼སྐལ་བཟང་མེ་ཏོག༽སོགས་བོད་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལེ་ཚན་དགུ་བཅུ་ཙམ་གཉེར་ཡོད། སྤྱི་ལོ་༢༠༠༨ལོའི་ལོ་མཇུག་བར་ལས་ཁུངས་ཡོངས་སུ་ལེགས་པོ་ལྔའི་ལས་གཞིའི་བྱ་དགའ་དང་ཀྲུང་གོའི་གསར་འགྱུར་བྱ་དགའ། ཀྲུང་གོའི་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་བྱ་དགའ་སོགས་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པའི་བྱ་དགའ་རག་པའི་རླུང་འཕྲིན་བརྩམ་བྱ་སུམ་བརྒྱ་ཙམ་བྱུང་ཡོད།
ཀྲུང་གོའི་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་སྔ་ཕྱི་བར་གསུམ་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འཆར་གཞི་ལག་བསྟར་རྒྱུན་འཁྱོངས་བྱས་རྐྱེན་བོད་རིགས་ཀྱི་གཙོ་བོ་བྱས་པའི་ཕུལ་བྱུང་གི་རླུང་འཕྲིན་ལས་དོན་པ་འབོར་ཆེན་གསོ་སྐྱོང་ཐུབ་སྟེ་ད་ཆ་ལས་ཁུངས་ཡོངས་སུ་མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་མཁན་༤༧ཡོད། སྤྱི་ལོ་༢༠༠༨ལོའི་ལོ་མཇུག་བར་ལས་ཁུངས་ཡོངས་སུ་ཧྥན་གྲང་ཅང་གསར་འགྱུར་བྱ་དགའ་དང་། ཐའོ་ཧྥུན་གསར་འགྱུར་བྱ་དགའ། རྒྱལ་ཡོངས་ཀྱི་གསར་འགྱུར་ལས་དོན་པ་རྩེ་གྲ་བརྒྱ། རྒྱལ་ཡོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པ་སོགས་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་མཁན་༢༠ཙམ་བྱུང་ཡོད།།