མཁར་རྫོང་འདི་ནི་གཞིས་རྩེ་ཀྲོན་ཆུས་རྒྱལ་རྩེ་རྫོང་ཁོངས་སུ་ཆགས་ཡོད་ཅིང་གཞིས་རྩེ་གྲོང་ཁྱེར་ནས་དེ་བར་སྤྱི་ལེ་༩༠ལྷག་ཙམ་བསྐྱོད་དགོས་ཀྱི་ཡོད། དེ་ནི་བོད་རབ་བྱུང་དྲུག་པའི་ཤིང་འབྲུག་སྤྱི་ལོ་༡༣༦༤ལོར་ནང་ཆེན་འཕགས་པ་དཔལ་བཟང་གིས་རྫོང་བཙན་མང་པོ་བརྩིགས་པའི་ནང་གི་གཅིག་ཡིན། འདིར་རྒྱལ་རྩེ་ཆོས་རྒྱལ་རིམ་བྱོན་རྣམས་བཞུགས་མྱོང་བ་དང་། ཕོ་ལྷ་མི་དབང་གིས་ང་ལུམ་སྦྱར་གསུམ་ལ་ཕར་རྒོལ་བྱེད་སྐབས་ཀྱི་རྟེན་གཞི་བྱས་པ། དེ་བཞིན་བོད་ཤིང་འབྲུག་སྤྱི་ལོ་༡༩༠༤ལོར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དབྱིན་ཇི་བཙན་འཛུལ་དམག་ལ་འགོག་རྒོལ་བྱེད་སྐབས་ཀྱི་གཡུལ་ས་བཅས་བྱས་པའི་རྫོང་བཙན་འདི་ནི་དུས་རབས་ཀྱི་དངོས་དཔང་རྩ་ཆེན་ཞིག་ཡིན། མཁར་ཤུལ་དེ་དག་ནི་རྩིག་ཞེང་ཆེ་ལ་ངོས་འཇམ་པ་སྲ་ཞིང་བརྟན་པ་བཅས་ལ་གཞིགས་ན་བོད་རིགས་མེས་པོ་རྣམས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ། མཁར་ལས་ཀྱི་ལག་རྩལ་བྱང་ཆུབ་པ་ཡོད་པའི་ར་འཕྲོད་ཐུབ། ལོ་རྒྱུས་ཐོག་བོད་རིགས་མི་དམངས་ཀྱི་དཔའ་རྒོད་ཚོས་མཁར་རྫོང་འདིའི་གཡུལ་སའི་ཐོག་དབྱིན་ཇི་བཙན་འཛུལ་པར་རྒོལ་རྡུང་ཚ་ནན་སྤྲད་དེ་ཕ་ཡུལ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ནང་ཇི་སྲིད་བར་ནུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད།
སྤྱི་ལོ་༡༨༨༨ལོར་ལུང་ཐུ་ལར་དབྱིན་འགོག་དམག་འཁྲུག་བརྒྱབ་ནས་ལོ་བཅོ་ལྔ་སོང་བའི་རྗེས་ཀྱི་བོད་ཆུ་ཡོས་སྤྱི་ལོ་༡༩༠༣ལོའི་ལོ་མཇུག་ནས་བོད་ཤིང་འབྲུག་སྤྱི་ལོ་༡༩༠༤ལོའི་ལོ་སྟོད་དུ་བཙན་རྒྱལ་རིང་ལུགས་ཀྱི་འགོ་གཙོ་རོང་ཁེ་ཕེང་གིས་དབྱིན་དམག་འབོར་ཆེན་ཁྲིད་ནས་སླར་ཡང་བོད་དུ་བཙན་འཛུལ་བྱེད་འགོ་བཙུགས་ཏེ་ལམ་བར་གྲོ་མོ་དང་། ཕག་རི། ཁང་དམར་སོགས་བོད་ཁོངས་ས་ཆ་མང་པོ་བཟས་ནས་༡༩༠༤ལོའི་ཟླ་བཞི་པར་རྒྱལ་རྩེ་གྲོང་བརྡལ་བཟུང་། དབྱིན་ཇི་བཙན་འཛུལ་པ་གར་སླེབས་ས་ལ་མི་བསད་ཇག་བཅོམ་གྱི་ལས་ངན་མ་བྱས་པའི་ས་མེད། ལོ་དེའི་ཟླ་ལྔ་པའི་ཚེས་གཅིག་ཉིན་ཏཱ་བླ་སྐུ་ཕྲེང་བཅུ་གསུམ་པས་རྒྱལ་རྩེ་ས་ཁུལ་གྱི་ཁྲལ་རྐང་ལ་གཞིགས་ཏེ་ན་གཞོན་གོ་ཐང་སུམ་སྟོང་སྐོང་སྒྲིག་གིས་མཚོན་ཆ་གོ་སྒྲིག་ཐོག་ཟླ་གཅིག་གི་དམག་རྒྱགས་དང་རྫས་མདེལ་འདོན་སྤྲོད་བྱས་ཏེ་བསྟན་དགྲ་དབྱིན་ཇིའི་བཙན་འཛུལ་འགོག་རྒོལ་བྱེད་དགོས་ཞེས་པའི་སྐུལ་ཐམ་ཕེབས་དོན་བཞིན་གཞིས་བྱེས་དམག་དམངས་ཚོས་མདའ་དཔོན་བཀྲ་ཤིས་གླིང་པ་དང་། རྔོན་མོ་ལུང་གཉིས་ཀྱི་སྣེ་ཁྲིད་འོག་དུས་ཡུན་ཟླ་གཅིག་ཀྱང་མ་འགོར་བར་རྒྱལ་རྩེ་དགྲ་ལག་ནས་ཚུར་བླངས་པ་དང་ཕྱོགས་མཚུངས་རང་ཕྱོགས་ཀྱི་འདོན་དམག་དང་ཡུལ་་དམག་ཁག་གཅིག་གིས་དབྱིན་དམག་དཔུང་སྒར་ལ་འཇབ་རྒོལ་བྱས་ནས་བཙན་འཛུལ་པ་རྣམས་ཐལ་བའི་རྡུལ་དུ་བརླགས་ཏེ་རོང་ཁེ་ཕེང་དཔུང་སྣོན་སྐྱབས་ཞུར་གྲོ་མོའི་ས་མཚམས་བར་ངོ་བསྐྱོད་ཀྱིས་ཟླ་བདུན་པའི་ནང་དབྱིན་ཇི་བཙན་འཛུལ་པའི་རྒྱབ་སྣོན་དཔུང་རྒྱལ་རྩེར་འབྱོར་ནས་སླར་ཡང་ཛ་དྲག་ཆེ་བའི་གཡུལ་འགྱེད་བྱེད་འགོ་ཚུགས།
བོད་ཀྱི་དམག་དམངས་རྣམས་ཀྱིས་དམག་མཁོའི་དངོས་ཟོག་དབོར་འདྲེན་བྱེད་དཀའ་བ་དང་། དགྲ་དང་རང་ཕྱོགས་དབར་གོ་མཚོན་བཟང་ཞན་གྱི་ཧེ་བག་ཤིན་ཏུ་ཆེ་བ་སོགས་ཀྱི་གནས་བབ་ཧ་ཅང་སྡུག་པོའི་འོག་གཉའ་མ་ཞུམ་པར་སྔར་མུས་བཞིན་དཔའ་ངར་ཆེན་པོས་དགྲ་བོར་སྲོག་དང་བསྡོས་པའི་འགོག་རྒོལ་དྲག་པོ་བྱས་ཏེ་དགྲ་དམག་རྣམས་རྒྱལ་རྩེ་རང་དུ་བཀག་ནས་ལྷ་སའི་ཕྱོགས་སུ་གོམ་པ་གང་ཡང་བཏང་མེད། ཉིན་ཞིག་དབྱིན་དམག་གིས་དྲག་ཤུགས་ཡོད་རྒུ་སྤྱད་ནས་རྫོང་རྩེར་མེ་སྒྱོགས་སེར་དྲག་བབས་པ་ལྟར་འཕངས་ནས་འུར་མཆོངས་བྱེད་རྩིས་བྱས་ཀྱང་རྒྱལ་རྩེ་དཔལ་ཆོས་དགོན་དང་། རྩེ་ཆེན་དགོན་སོ་སོ་ནས་དབྱིན་དམག་ལ་རྒོལ་རྡུང་ཚ་ནན་སྤྲད་སྟབས་བཙན་འཛུལ་པ་རྣམས་རྫོང་འགྲམ་དུ་ཡོང་ཐབས་མ་ཪྙེད། འོན་ཀྱང་སྟབས་མི་ལེགས་པ་ཞིག་ལ་བོད་དམག་ཅིག་རྫས་ཁང་དུ་རྫས་མདེལ་ལེན་པར་སྐྱོད་སྐབས་གཟབ་ནན་མ་བྱུང་བའི་སྟབས་ཀྱིས་མེ་ཡོད་པའི་སྦུད་ཏི་རྫས་མདེལ་གྱི་ཁྲོད་དུ་ལྷུང་ནས་རྫས་ཁང་འབར་གས་སོང་བས། དགྲ་བོས་གོ་སྐབས་དེ་དང་བསྟུན་ནས་རྫོང་རྩེར་ཚུར་རྒོལ་དྲག་པོ་བྱས་ཤིང་། ཁོ་ཚོས་རྫོང་གི་ཕྱོགས་གསུམ་ནས་བསྐོར་ཏེ་ཤི་འཐབ་རོ་འཐབ་ཀྱིས་རྫོང་རྩེར་འཛེགས། རྫོང་སྲུང་བོད་དམག་རྣམས་རྫས་མདེལ་ཟད་ཁར་འཐུང་ཆུ་ཡང་ཆད་པའི་དཀལ་ངལ་དང་ཉེན་ཁ་ཤིན་ཏུ་ཆེ་བ་བྱུང་ཡང་ཁོ་ཚོས་རྡོ་དང་། དབྱུག་པ། འུར་རྡོ་སོགས་ལ་བརྟེན་ནས་མུ་མཐུད་འགོག་རྒོལ་བྱས་ཏེ་རང་དམག་ཁག་གཅིག་དགྲ་བོའི་བསྐོར་རྒྱ་ལས་ཐར་ཏེ་དཔལ་ཆོས་དགོན་དུ་ཐོན། དེ་བྱིངས་བོད་དམག་རྣམས་རྫོང་སྟེང་དུ་དགྲ་བོ་དང་དམར་འཛིང་དྲག་པོ་བྱས་ནས་མཐར་མང་སྣེ་ཉུང་གིས་མི་བརྟན་པའི་དུས་སུ་རང་ལུས་ཤ་ཁྲག་གི་གྲིབ་མ་ཙམ་ཡང་དགྲ་ལག་ཏུ་མ་བསྐུར་བར་རྫོང་རྩེའི་གཡང་ས་ནས་མཆོངས་ཏེ་ཕ་ཡུལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་མི་ལུས་རིན་ཆེན་ལེགས་སྐྱེས་སུ་བཤམས་སོ།
ཤོད་རྒྱུན་ལྟར་ན་སྔར་གྱི་རྫོང་བཙན་དེ་ནི་སྟར་པ་རེ་ལ་མཁར་བཅུ་སྐོར་ཡོད་པ་དང་། མཁར་གྱི་མཐོ་ཚད་ལ་ཐོག་བརྩེགས་གསུམ་ཙམ་ཡོད་སྐད་ཀྱང་དེ་དག་ཚང་མ་དམག་འཁྲུག་ནང་བཙན་འཛུལ་པས་གཏོར་བརླག་བཏང་བས་ད་ཡོད་ཀྱི་མཁར་ཤུལ་གྱང་རོའི་ཐོག་ནས་དབྱིན་ཇི་བཙན་འཛུལ་པའི་ནག་ཉེས་ར་སྤྲོད་ཐུབ་རྒྱུ་ཡོད་ལ། ཕོ་བྲང་རྒྱལ་མཁར་རྩེའི་ས་ས་རྡོག་གཅིག་དང་། རྡོ་རྡོ་རྡོག་རེའི་ཐོག་ནས་བོད་རིགས་དམག་དམངས་ཚོའི་ཞུམ་པ་མེད་པའི་དཔའ་སྟོབས་དང་། བཙན་རྒོལ་རྒྱལ་གཅེས་ཀྱི་བླ་ན་མེད་པའི་སྙིང་སྟོབས་བཅས་མཚོན་རྒྱུ་ཡོད།
ད་ཆ་ཕོ་བྲང་རྒྱལ་མཁར་རྩེ་འདི་བཞིན་ཉམས་གསོ་ལེགས་པར་ཟིན་ནས་མི་རིགས་ཁག་གི་མི་དམངས་རྣམས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྒྱག་པའི་གནས་སུ་འཛིན་པ་མ་ཟད་སྤྱི་ལོ་༡༩༦༡ལོ་ནས་བཟུང་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏོགས་ནས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་རྣམས་ཡུལ་སྐོར་སྤྲོ་འཆམ་བྱེད་ཡུལ་གྱི་གནས་ཆེན་ཞིག་ཀྱང་ཡིན།