དེ་ཡང་སྒྲགས་ཡང་རྫོང་གི་མིང་ཆ་ཚང་ལ་སྒྲགས་ཀྱི་ཡང་རྫོང་གཤིན་རྗེ་རོལ་པའི་ཕོ་བྲང་ཞེས་ཟེར་གྱི་ཡོད། སྤྱིའི་ལམ་ཐིག་ནི་བསྐལ་ལ་རི་བོའི་རི་ཕུག་སྟེ་ཟམ་པ་གཉིས་དང་ཕུག་ལམ་གཅིག་ནས་གྲོལ་རྗེས་གཙང་པོའི་བྱང་ངོས་ཀྱི་གཞུང་ལམ་བརྒྱུད་ཤར་ངོས་སུ་སྤྱི་ལེ་སུམ་ཅུ་ཙམ་ཞིག་བསྐྱོད་ཚེ་སྔ་འགྱུར་རྙིང་མའི་གདན་ས་ཆེ་མོ་རྡོ་རྗེ་བྲག་དགོན་དུ་འབྱོར་ཞིང་། དེ་ནས་སྒྲགས་ཀྱི་སྣ་དཀར་པོའི་རི་ཟུར་བར་སྤྱི་ལེ་ཉི་ཤུ་རྩ་ལྔ་ཙམ་བསྐྱོད་དགོས་པ་དང་། ལམ་བར་དུ་རང་བྱོན་སྣ་ཚོགས་དང་རྩ་ཡུལ་རི་ཁྲོད་དང་སློབ་དཔོན་ཆེ་མོའི་ཞབས་པད་པུས་མོའི་རྗེས་དང་གཞུ་བཙུགས་གནང་བའི་རྗེས་སོགས་གསལ་ལེར་མཇལ་རྒྱུ་ཡོད། དེ་ནས་ཕར་ཐད་ཀར་སྤྱི་ལེ་གསུམ་ཙམ་བསྐྱོད་ན་སྒྲགས་མདའ་གྲོང་མོ་ཆེའི་དབུས་སུ་གནུབས་སངས་རྒྱས་ཡེ་ཤེས་ཀྱི་འཁྲུངས་གནས་སྤང་ཆུང་ལྷ་ཁང་ཞེས་པ་དེ་ཉིད་མཇལ་རྒྱུ་ཡོད། དེ་ནས་ཡང་སྒྲགས་མདའ་ནས་སྤྱི་ལེ་གཉིས་གསུམ་ཙམ་སོང་རྗེས་ལམ་ཟུར་མཚམས་ཀྱི་ལྕང་གསེབ་དབུས་སུ་མཚོ་རྒྱལ་དགོན་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་བླ་མཚོ་མཇལ་རྒྱུ་ཡོད། དེ་ནས་མུ་མཐུད་མོ་ཊར་སྐར་མ་བཅུ་ཙམ་བསྐྱོད་ཚེ་སྔགས་གྲྭ་གྲོང་ཚོར་སླེབས་པ་དང་དེ་གར་གནས་ཚང་གཡར་ནས་ཞག་བསྡོད་བྱས་ཆོག་ལ།འགྲོ་མགོན་བཀའ་བརྒྱུད་པའི་གདན་ས་སྔགས་གྲྭ་དགོན་དེ་ཉིད་ཀྱང་དེ་གར་མཇལ་རྒྱུ་ཡོད། ཡང་ལམ་ཐིག་གཞན་ཞིག་ཡོད་པ་དེ་ཡང་ལྷ་ས་གྲོང་ནུབ་འགྲུལ་སྐྱེལ་ས་ཚུགས་ནས་རྩེད་ཐང་དུ་སྐྱོད་མཁན་གྱི་མོ་ཊ་སྡད་དེ་སྒྲགས་གྲུ་ཁར་བབ། དེ་ནས་གྲུ་སྡད་དེ་སྒྲགས་མདའི་གྲུ་ཁར་འབྱོར་བ་དང་དེ་ནས་མོ་ཊ་སྡད་དེ་སྔགས་གྲྭ་གྲོང་ཚོར་སྐྱོད་ཆོག ལམ་བར་དུ་སྤང་ཆུང་ལྷ་ཁང་ནས་སྔགས་གྲྭ་དགོན་བར་གྱི་གནས་རྣམས་མཇལ་ཆོག སློབ་དཔོན་པདྨའི་བཀའ་ལུང་ནང་རྫོང་ཁུང་བུའི་གནས་སྒོ་སྔོན་ལ་ཕྱེ་བ་དང་སྒྲགས་ཡང་རྫོང་གི་གནས་སྒོ་རྗེས་སུ་ཕྱེ་བས་གནས་མཇལ་གྱི་གོ་རིམ་ནི་རྫོང་ཁུང་བུ་སྔོན་ལ་མཇལ་དགོས་ཟེར་སྲོལ་ཡོད། དེ་ཡང་སྔགས་གྲྭ་དགོན་ནས་ཤར་ངོས་སུ་ཁ་གཏད་དེ་རྐང་ཐང་མར་ཆུ་ཚོད་གསུམ་ལྷག་ཙམ་གྱེན་ལམ་བརྒྱུད་དེ་སོང་ན་རྫོང་ཁུང་བུར་འབྱོར། གནས་འདི་ཉིད་ནི་ཐོག་མར་སྤྱི་ལོའི་དུས་རབས་ལྔ་པའི་ནང་ཨོ་རྒྱན་གྱི་སློབ་དཔོན་ཆེ་མོ་༧པདྨ་སམྦྷས་འཕྲལ་ཕུགས་ཀྱི་དགོས་དབང་དུ་མ་ལ་གཞིགས་ནས་སྤྲུལ་པའི་ལྷ་གཡག་ལ་ཆིབས་ཏེ་རྫུ་འཕྲུལ་གྱི་གནས་སྒོ་ཕྱེ་བ་སོགས་ཞིབ་ཕྲ་རྫོང་ཁུང་བུའི་གནས་ཡིག་ནང་བཀོད་ཡོད་པས་གཟིགས་གནང་མཁྱེན། སྤྱིར་རྫོང་ཁུང་བུའི་གནས་མཇལ་ལ་ཉིན་གཅིག་འགོར་སྲིད་པས་དགོང་མོ་གནས་ཚང་དུ་ཞག་གཅིག་ངལ་གསོས་ནས་ཕྱི་ཉིན་སྒྲགས་ཡང་རྫོང་དུ་ཐོན་ཆོག དེ་ཡང་སྔགས་གྲྭ་དགོན་ནས་མོ་ཊ་དང་ཐོ་ཕྲུག་སོགས་ལ་བསྡད་ནས་སྐར་མ་ཉིས་ཤུ་ཙམ་བསྐྱོད་པའི་མཚམས་ལྕང་ཅན་གྲོང་ཚོར་འབྱོར། དེ་ནས་ཚུར་ལྷོ་ནུབ་ངོས་ལ་ཁ་གཏད་ནས་སྤྱི་ལེ་གསུམ་ཙམ་གྱེན་ལམ་བརྒྱུད་དེ་སོང་ན་ནེའུ་སིང་སྤང་ལྗོངས་མེ་ཏོག་སྣ་ཚོགས་ཀྱིས་རྒྱན་པའི་རི་འདེབས་སུ་ཚལ་གསེབ་རྣམ་གྲོལ་བྱང་ཆུབ་ཆོས་གླིང་དེ་ཉིད་བརྗིད་ཆགས་ཁྲ་ལྷམ་མེར་མཇལ་རྒྱུ་ཡོད། ཡང་ཚལ་གསེབ་དགོན་ནས་ཡར་གྱེན་ལམ་དུ་རྐང་ཐང་མར་ཆུ་ཚོད་གཉིས་ཙམ་བསྐྱོད་ན་སྒྲགས་ཡང་རྫོང་དུ་འབྱོར་གྱི་ཡོད་ཅིང་། ལམ་བར་དུ་ཚལ་གསེབ་དགོན་ནས་མི་རིང་བར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས་ཤིན་ཏུ་གསལ་བ་དང་། དེ་ནས་ཅུང་ཟད་བསྐྱོད་ན་རྡོར་བྲག་རིག་འཛིན་སྐུ་ཕྲེང་བཞི་པ་༧བློ་བཟང་པདྨ་འཕྲིན་ལས་མཆོག་ཉིད་ཀྱི་སྒྲགས་ཡང་རྫོང་དུ་ལོ་གསུམ་བཅད་རྒྱར་བཞུགས་སྐབས་ཀྱི་མཚམས་རྡོ་སོགས་མཇལ་རྒྱུ་ཡོད་པ་དང་སྒྲགས་ཡང་རྫོང་གི་གཡས་ངོས་སུ་རྡོར་བྲག་རིག་འཛིན་སྐུ་ཕྲེང་བཞི་པ་༧བློ་བཟང་པདྨ་འཕྲིན་ལས་རྗེས་བྱ་ཐང་དཀར་རྒོད་པོའི་སྒྱུ་འཕྲུལ་ལ་བརྟེན་ནས་གནས་སྒོ་ཕྱེས་གནང་བའི་གནས་སྒོ་གསར་པ་ཞེས་པའི་བྲག་ཕུག་སོགས་ངོ་མཚར་གནས་མང་པོ་མཇལ་རྒྱུ་ཡོད་པས་ཞིབ་ཕྲ་སྒྲགས་ཡང་རྫོང་གི་གནས་ཡིག་ནང་གསལ། གོང་གསལ་ལམ་ཐིག་གསལ་བཤད་ནི་༼ཨོ་རྒྱན་མ་ཧྰ་གུ་རུའི་གནས་ཆེན་༧སྒྲགས་ཡང་རྫོང་དང་༧རྫོང་ཁུང་བུ་ལ་སོགས་པའི་གནས་ཡིག་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ངོ་མཚར་རྣ་བའི་བདུད་རྩི་ཞེས་བྱ་བ་བཞུགས་སོ།། ༽ ཞེས་པ་དང་རང་ངོ་མ་གནས་མཇལ་དུ་སོང་བའི་དྲན་ཆར་ཟུང་དུ་འབྲེལ་ནས་བྲིས།