བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་སུ་གྲགས་པའི་ལྷོ་ཁ་ས་ཁུལ་གྱིས་ལོ་རྒྱུས་དང་རིག་གནས་ཀྱི་རྫོང་མཐུག་པོའི་མིང་དོན་ལ་བརྟེན་ནས་དུས་ད་ལྟའི་བར་དུ་ཡུལ་སྐོར་བ་རྣམས་ཀྱི་ཡིད་སེམས་འགུག་བཞིན་ཡོད་པ་རེད། འོན་ཀྱང་གནས་དེའི་ངོ་མཚར་བའི་ཡུལ་སྐོར་ཐོན་ཁུངས་ཀྱི་ཐད་ནས་དེ་ཙམ་དུ་མ་ཟད་ད་དུང་གཞན་ཡང་ཡོད་དོ། ཉེ་ལམ་གསར་འགོད་པས་ལྷོ་ཁ་ས་ཁུལ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཆིའུ་ལིན་ཁྲུའུ་ལ་བཅར་འདྲི་བྱས་པ་ལས་རྒྱུས་ལོན་བྱུང་བ་ལྟར་ན། ཕྱིས་འབྱུང་གི་དུས་སྐབས་ཤིག་རིང་།ལྷོ་ཁ་ས་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར་གསུམ་ཡས་མས་བཏང་ནས་བོད་ལྗོངས་ཀྱི་ཡུལ་སྐོར་གནས་མཆོག་གསར་བ་སྟེ་ལེགས་པ་ལུང་པའི་གདོད་མའི་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞེས་པ་བསྐྲུན་རྒྱུ་ཡིན་པ་རེད།
ལེགས་པ་ལུང་པའི་མཛེས་ལྗོངས་ཁུལ་ནི་ལྷོ་ཁ་ས་ཁུལ་གྱི་མཚོ་སྣ་རྫོང་གི་ནུབ་ལྷོའི་ཕྱོགས་སུ་ཆགས་ཤིང་། ལྷོ་ཁ་ས་ཁུལ་གྱི་ས་ཨུ་དང་སྲིད་འཛིན་ཀུང་ཧྲུའུ་ཡོད་སའི་རྩེད་ཐང་གི་བར་ལ་སྤྱི་ལེ༢༨༠ཙམ་དང་། ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ༤༡༠ཙམ་ཡོད།ཆ་སྙོམས་ཀྱི་ས་བབ་མཐོ་ཚད་ལ་སྨི༢༤༠༠ཡོད་པ་དང་།ནུབ་ཏུ་འབྲུག་ཡུལ་དང་། ལྷོ་རུ་རྒྱ་གར་བཅས་དང་འབྲེལ་ཡོད་པས།རང་རྒྱལ་གྱི་ནུབ་ལྷོ་མཐའ་མཚམས་བར་འགྲོ་འོང་བྱེད་སའི་སྒོ་མོ་གལ་ཆེན་ཞིག་ཡིན།
ལེགས་པ་ལུང་པ་ནི་རང་བྱུང་གི་མཛེས་ལྗོངས་དང་རྩོལ་བྱུང་མཛེས་ལྗོངས་ཧ་ཅང་ཕུན་སུམ་ཚོགས་པའི་ལུང་པ་ཞིག་ཡིན་ཞིང་། ས་བབ་མཐོ་ཚད་སྨི་༤༥༠༠ལྷག་གི་སྤོ་ལྷ་ཉག་ག་ནས་སྦྲེལ་ལྟར་འཁྱུད་པའི་རི་འགོའི་གཞུང་ལམ་ཀྱག་ཀྱོག་བརྒྱུད་དེ་རི་འདབས་ཀྱི་ས་བབ་སྨི༢༤༠༠ཙམ་ལ་ཐོན་པའི་བར་དུ།བལྟས་ཚོད་དུ་རི་སྟེང་དང་རི་འདབས་ཙམ་དུ་དབྱེ་ཡོད་ནའང་། ཡུལ་ལྗོངས་ཀྱི་བཀོད་པ་དང་ཁ་དབུགས་ཀྱི་ཆ་ནས་ཁྱད་པར་ཆེན་པོ་ཡོད་པ་རེད། ལེགས་པ་ལུང་པ་ནི་ལྷོ་ཁ་ས་ཁུལ་གྱི་གདོད་མའི་ནགས་ཚལ་གཞན་དང་བསྡུར་ན་འགྲོ་བ་མིས་སླད་མ་བཏང་བའི་ཨེ་ཤ་ཡའི་ཚ་ཁུལ་གྱི་སྐྱེ་ཁམས་ལྗོངས་ཁུལ་ཞིག་ཡིན། ས་དེར་ཆར་ཆུ་མོད་པས། ནགས་ཚལ་དེ་ནི་ནགས་རྫོབ་སྟུག་ཅིང་མཐའ་མི་མངོན་པ་ཞིག་ཡིན། ས་བབ་མཐོ་ཚད་སྨི༡༠༠ཡི་ཚ་བ་ཆེ་ཞིང་ཆར་ཆུ་མང་བའི་མཐོན་མཐིང་ནགས་ཚལ་ནས་ས་བབ་སྨི༤༠༠༠ལྷག་ཡོད་པའི་གྲང་ལྷགས་ཆེ་ཞིང་ཐར་ཐོར་དུ་སྐྱེས་པའི་ནགས་ཚལ་བཅས་ནགས་ཚལ་རྣམ་པ་སྣ་ཚོགས་ཤིག་མཆིས། ལེགས་པ་ནི་མོན་པ་རིགས་འདུས་སྡོད་བྱས་པའི་ས་ཁུལ་ཞིག་ཡིན་ཞིང་།མོན་པ་རིགས་ནི་མི་གྲངས་ཅུང་ཉུང་བའི་མི་རིགས་ཤིག་ཡིན་ཏེ། རྒྱལ་ནང་དུ་ཡོད་པའི་མོན་པ་རིགས་ཡོངས་ཀྱི་མི་གྲངས་ལ་༢༠༠༠ལྷག་ལས་མེད་ལ། དེའི་ནང་དུ་ལེགས་པར་སྡོད་པའི་མོན་པ༦༠༠ལྷག་ཡོད་པས།གནས་དེར་ད་གཟོད་མོན་པའི་ཡུལ་སྲོལ་གོམས་འདྲིས་ཀྱི་ཐུན་མིན་གྱི་ཁྱད་ཆོས་དངོས་སུ་མྱོང་ཐུབ།
མཚོ་སྣ་རྫོང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ད་ལྟ་ལེགས་པ་ལུང་པས་ནང་མགྲོན་ཁོ་ན་མ་གཏོགས་སྣེ་ལེན་བྱེད་ཀྱིན་མེད། ༢༠༠༣ལོའི་ཡར་སྔོན་དུ།ལེགས་པ་ལུང་པའི་ཡུལ་སྐོར་དེ་ཉིད་ལྷོ་ཁ་ས་ཁུལ་གྱི་ཡུལ་སྐོར་ལོ་རྒྱུས་སྟེང་ད་དུང་སྟོང་ཆ་ཙམ་དུ་ལུས་ཡོད་པ་རེད། ཉེ་བའི་ལོ་འདི་འགའི་རིང་ལ། ཕྱིར་དྲིལ་སྒྲོག་མ་བྱས་ན་ཡང་ཐུན་མིན་གྱི་རྩོལ་བྱུང་དང་རང་བྱུང་མཛེས་ལྗོངས་ཀྱིས་ཡུལ་སྐོར་སྐུ་མགྲོན་མི་ཉུང་བ་ཞིག་གི་མིག་དབང་བཀུག་ཡོད་པ་རེད།
རགས་རྩིས་བྱས་པ་ལྟར་ན།༢༠༠༥ལོ་ནས་ད་ལྟའི་བར་དུ།ལེགས་པ་ལུང་པས་ཡུལ་སྐོར་བ་ཁྱོན་སྡོམ་ཁྲི༢ལྷག་ལ་སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི༦༠༠༠ཙམ་རག་པ་རེད།མཚོ་སྣ་རྫོང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་འདི་སྐད།ཡུལ་སྐོར་ཐོན་ཁུངས་ཀྱི་ད་ལྟའི་གནས་ཚུལ་ལ་དམིགས་ནས། གཤམ་དུ་བྱེད་ཐབས་འདི་དག་ནས་བརྩོན་ལེན་བྱ་རྒྱུ་སྟེ། གཅིག་ནས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་བ་དམ་འཛིན་བྱེད་རྒྱུ་ཡིན་ཏེ། ད་ལོའི་ཟླ༨པའི་ནང་མ་དངུལ་སྒོར་དུང་ཕྱུར༢.༦བཏང་ནས་ཐོག་མར་རྫོང་མཁར་ནས་ལེགས་པ་ལུང་པའི་བར་གྱི་སྣུམ་ལམ་འདིང་རྒྱུ་དང་། ཡུལ་སྐོར་གཞུང་ལམ་གྱི་ལམ་ངོས་ཚད་རིམ་ཇེ་མཐོར་གཏོང་རྒྱུ་ཡིན། གཉིས་ནས་ཡུལ་དེའི་རོང་འབྲོག་མང་ཚོགས་ཀྱི་ཡུལ་སྐོར་ཞབས་ཞུ་བྱེད་ནུས་གསོ་སྐྱོང་སྦྱོང་བརྡར་བྱ་བར་ཤུགས་སྣོན་བརྒྱབ་ནས་སྣེ་ལེན་ཆུ་ཚད་དང་འཕྲོད་བསྟེན་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ། གསུམ་ནས་ད་ལོར་མ་དངུལ་ཁྲི༣༠༠༠བཏང་ནས་མཛེས་ལྗོངས་ཁུལ་གྱི་མཚོན་རྟགས་དང་། སྦྱར་བྱང་བཟོས་ནས་ཡུལ་སྐོར་ཞབས་ཞུ་ལྟེ་གནས་འཛུགས་རྒྱུ་ཡིན། བཞི་ནས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་སྟེ། སྣམ་བུ་དང་ཁ་གདན། བོད་གྲི། རྩམ་སྣོད། མར་ཟོ། མི་རིགས་གྱོན་ཆས་སོགས་ལས་སྣོན་དང་བཟོ་བཅོས་ཞིབ་ཚགས་བརྒྱབ་ནས་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་ཀྱི་རིན་ཐང་ཇེ་མཐོར་གཏོང་རྒྱུ། ལྔ་ནས་མཐའ་མཚམས་དང་མཐའ་མཚམས་ཉོང་ཚོང་དང་ཚོང་ར་སོགས་གཏོད་རྒྱུ་བཅས་ཡིན། བྱེད་ཐབས་དེ་དག་ལ་བརྟེན་ནས་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་སྔར་ལས་མང་པོ་ཞིག་ལེགས་པ་ལུང་པར་མགྲོན་དུ་བཀུག་ནས་ཡུལ་དེའི་དཔལ་འབྱོར་གོང་དུ་འཕེལ་པར་སྐུལ་འདེད་གཏོང་དུ་འཇུག་རྒྱུ་ཡིན་ཞེས་བཤད་དོ། །