སྙེ་མོ་རྫོང་ཐོན་པ་ཤང་ནི་བོད་ལྗོངས་སུ་སྐད་གྲགས་ཆོད་པའི་བོད་སྤོས་ཐོན་སྐྱེད་བྱེད་སའི་ས་ཁུལ་གྱི་གྲས་ཤིག་དང་། མིག་སྔར་རང་ལྗོངས་ཀྱི་སྐད་གྲགས་ཆེ་ཤོས་ཀྱི་སྲོལ་རྒྱུན་ལག་ཤེས་ཐོན་རྫས་བོད་སྤོས་བཟོ་སའི་ཡུལ་ཞིག་ཡིན་པའི་ཆ་ནས་དེར“བོད་སྤོས་བཟོ་སའི་ཕ་ཡུལ་ཨང་དང་པོ”ཞེས་སུ་འབོད་ཅིང་། ས་ཁུལ་དེ་གའི་དུད་ཁྱིམ་སུ་ཞིག་ཡིན་ཀྱང་བོད་སྤོས་བཟོ་མི་ཤེས་མཁན་ནི་གཅིག་ཀྱང་མེད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐོན་པ་ཤང་གི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་གི་བརྒྱ་ཆའི༦༠ཙམ་བོད་སྤོས་བཟོས་པ་ལས་ཡོང་གི་ཡོད་པ་རེད།ཉེ་བའི་ལོའི་ནང་དུ། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་ལྗོངས་རྒྱུའི་ལས་ཁུངས། དེ་བཞིན་རྫོང་སྲིད་གཞུང་གིས་ཚད་མཐོའི་རྒྱབ་སྐྱོར་འོག་ཐོན་པ་རྫོང་གི་བོད་སྤོས་ལས་དོན་གོང་འཕེལ་མགྱོགས་པོ་ཕྱིན་པས་ས་དེ་གའི་ཞིང་པ་མང་ཚོགས་རྣམས་ཀྱི་ཡོང་འབབ་ཀྱང་འཕར་སྣོན་ཆེན་པོ་བྱུང་ཡོད་པ་རེད།
ཐོན་པ་རྫོང་གི་བོད་སྤོས་ལས་དོན་འཕེལ་རྒྱས་གང་མགྱོགས་ཀྱིས་བོད་སྤོས་བྱ་གཞག་དང་ལྗོངས་རྒྱུའི་ལས་རིགས་གཉིས་ཟུང་འབྲེལ་བྱེད་པའི་གོ་སྐབས་དམ་འཛིན་བཅས་བྱས་ཏེ་མཐར་སྙེ་མོ་རྫོང་དང་ཐ་ན་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་ཡོང་ཆེད་དུ། ༢༠༠༩ལོར་ལྷ་ས་གྲོང་ཁྱེར་གྱིས་མ་རྩ་བཏང་ནས་ཐོན་པའི་ཡུལ་གྱི“ཐོན་མི་སམ་བྷོ་ཊའི”མིའི་བཟོས་ཡུལ་ལྗོངས་ཁུལ་གསར་སྤེལ་བྱས་ཏེ། དེ་བས་མང་པའི་རྒྱལ་ཕྱི་ནང་གི་ལྗོངས་རྒྱུའི་སྐུ་མགྲོན་པ་སྙེ་མོ་དང་ཐོན་པ་ཤང་དུ་བསྐྱོད་ཐུབ་པ་ཡོང་བ་བྱས་ནས་ཁོང་ཚོས་དེ་གར་“བོད་སྤོས་བཟོ་སའི་ཕ་ཡུལ་ཨང་དང་པོ”དེའི་ཡིད་འཕྲོག་གི་མཛེས་ཆོས་མྱོང་དུ་འཇུག་རྒྱུ་ཡིན་འདུག
མལ་གྲོ་གོང་དཀར་རྒྱ་དམར་ཁུལ་དུ་རང་བྱུང་གི་མཛེས་ཆོས་ཀྱིས་སྐད་གྲགས་ཆོད་ཡོད་རུང་། རྒྱུ་རྐྱེན་མང་པོའི་དབང་གིས་ལྗོངས་རྒྱུ་བ་རྣམས་ཀྱིས་ས་ཁུལ་དེར་ད་དུང་ཡང་རྒྱུས་ལོན་བྱུང་མེད། ༢༠༠༨ལོར་མལ་གྲོ་གོང་དཀར་རྫོང་གིས་མ་རྩ་བཏང་ནས་རང་བྱུང་གནས་ལྗོངས་དེ་གསར་སྤེལ་བྱས་ཏེ། དེ་གའི་རྫོང་གི་ལྗོངས་རྒྱུའི་ལས་རིགས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་བ་རེད།
ད་དུང་ཡང་། སང་ལོར་ལྷ་ས་གྲོང་ཁྱེར་གྱིས་ཡངས་པ་ཅན་གྱི་ས་གཤིས་སྐྱེད་ཚལ་གླིང་ག་གསར་དུ་འཛུགས་སྐྲུན་བྱེད་རྒྱུ་ཡིན་འདུག