ཞོ་སྟོན་ཞེས་པ་ནི་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ཀྱི་རབ་བྱུང་རྣམས། དབྱར་ཁ་དགོན་པའི་ཕྱི་རོལ་དུ་ཕེབས་མི་ཆོག་པའི་སྐབས་སུ་ཞོའི་སྟོན་མོ་འབུལ་སྲོལ་ཡོད་པ་དེའི་ལུགས་བཞིན་སེ་འབྲས་གཉིས་ལ་དབྱར་གནས་ཚུགས་ནས་བདུན་ཕྲག་གཉིས་སོང་བའི་ཉི་མོ་སྟེ། བོད་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་སེ་འབྲས་གཉིས་ཀྱི་དགེ་འདུན་ཡོངས་ལ་ཞོའི་སྟོན་མོ་འབུལ་སྲོལ་ཡོད་པར་བརྟེན་ནས་ཞོ་སྟོན་ཞེས་བརྗོད། སྔ་དྲོ་འབྲས་སྤུངས་ནུབ་རིའི་ལྡེབས་སུ་སྟོན་པ་ཐུབ་པའི་དབང་པོ་གཙོ་གྱུར་གྱི་སྐུ་བརྙན་ཡོད་པའི་གོས་སྐུ་བཀྲམ་པའི་མདུན་ཆོས་འབུལ་དང་། འབྲས་སྤུངས་ཚོགས་ཆེན་ཞལ་ངོ་གསར་རྙིང་བརྗེ་བའི་རྟེན་འབྲེལ་མཛད་སྒོ་ཡང་བྱེད་པས་དེར་གོས་སྐུའི་ཞལ་མཇལ་དང་ལྟད་མོ་བཅས་ཀྱི་ཆེད་དུ་མི་ཤིན་ཏུ་མང་པོ་འཛོམས་པ་དང་། ཡར་ལུང་བཀྲ་ཤིས་ཞོལ་པ་སོགས་ལྷ་མོ་བ་རྣམས་ཀྱིས་གོས་སྐུའི་མདུན་དུ་གཟིགས་ཕུད་ཕུལ་ཟིན་རྗེས་བསམ་ལོ་ཁང་ཚན་སོགས་ལ་ལྷ་མོ་ཉིན་འཁྱོངས་འཁྲབ་པ་དང་། ཁང་ཚན་ཐོབ་ཁུངས་ཁག་ལ་ལྷ་མོ་བ་རྣམས་མགྲོན་འབོད་ཞུ་བ་སོགས་འབྲས་སྤུངས་ཞོ་སྟོན་དེ་ཙམ་གྱིས་མཇུག་འགྲིལ་བ་དང་། ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་དུས་སྟེ་ས་བྱ་སྤྱི་ལོ་ ༡༨༤༩ ལོར་ནོར་བུ་གླིང་ཁའི་བསྐལ་བཟང་ཕོ་བྲང་གི་རྒྱབ་ངོས་སུ་དབུ་གཡབ་གཟིམ་ཆུང་གསར་གཞེངས་མཛད་ཅིང་། དེ་ནས་བཟུང་ལོ་རེའི་ཟླ་བ་བདུན་པའི་ཚེས་གཅིག་ནས་བསྐལ་བཟང་ཕོ་བྲང་གི་སྡིངས་ཆའི་ཐོག་སྐབས་དེའི་ལྷ་མོ་བ་ཁག་གཅིག་གིས་འཁྲབ་སྟོན་གཟིགས་འབུལ་ཞུ་སྲོལ་དར་བ་ལ་བརྟེན་རིམ་པས་ལྷ་མོའི་ཚོགས་པ་འཕེལ་རྒྱས་ཆེན་པོ་བྱུང་སྟེ། སྔར་གྱི་ལྷ་མོ་བ་འཕྱོངས་རྒྱས་སྤུན་བདུན་པ་དང་། ཡར་ཀླུང་བཀྲ་ཤིས་ཞོལ་པ་སོགས་འགའ་ཞིག་ཡོད་ཐོག་རིན་སྤུངས་རྒྱལ་མཁར་ཆོས་རྫོང་པ་དང་། སྐྱོར་མོ་ལུང་པ། ངམ་རིང་རྫོང་ཁོངས་གཅུང་རི་བོ་ཆེ་པ། ཤངས་བཀྲ་ཤིས་རྩེ་པ། སྙེ་མོ་ཐོན་པ་བ། སྙེ་མོ་བྱ་སྒོ་བ་སོགས་ལྷ་མོ་ཚོགས་པ་མང་པོ་ཞིག་རིམ་པར་ཐོན་ཏེ་མིག་དམར་རྒྱལ་མཚན་དང་ལེང་ཐན་པོ། དགེ་རྒན་བཀྲ་ཤིས་སོགས་སྒྱུ་རྩལ་ལ་ཤིན་ཏུ་མཁས་པ་མང་པོ་ཞིག་བྱུང་བ་མ་ཟད། ཀུན་བདེ་གླིང་དང་གནས་ཆུང་སོགས་དགོན་སྡེ་མང་པོ་ཞིག་གིས་ཀྱང་དགེ་འདུན་གཞོན་གྲས་ཁག་གཅིག་ལ་ལྷ་མོའི་སྒྱུ་རྩལ་སྦྱོང་འཁྲིད་བྱེད་དུ་བཅུག་སྟེ་ཆབ་ཞུགས་སོགས་ཀྱི་སྐབས་སུ་ལྷ་མོ་འཁྲབ་སྲོལ་དར་ཁྱབ་ཆེན་པོ་བྱུང་ཞིང་དགོན་པ་ཁག་གི་ནང་དུའང་ལྷ་མོའི་སྒྱུ་རྩལ་ལ་མཁས་པའི་མི་སྣ་མང་པོ་ཐོན་པ་དཔེར་ན། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་བཅུ་པའི་ནང་དུ་སྐད་གྲགས་ཆེ་བའི་ལྷ་མོའི་སྒྱུ་རྩལ་ལ་མཁས་པ་ཞོལ་ལྷ་མོ་ཚོགས་པའི་དགེ་རྒན་མ་ཧེར་ལགས་དང་། བོད་ཀྱི་གླུ་གར་སྒྱུ་རྩལ་སྤྱི་དང་བྱེ་བྲག་དགོད་བྲོའི་གཏམ་གླེང་ལ་ཤིན་ཏུ་མཁས་པ་བོད་ཀྱི་དེང་རབས་ཀྱི་བཞད་གད་མཁན་པོ་གྲགས་ཅན་ཐུབ་བསྟན་ལགས་མཆོག་ཀྱང་ཀུན་བདེ་གླིང་གི་སྐུ་ཞབས་ཡིན་པ་ལྟ་བུའོ། བོད་ཟླ་བདུན་པའི་ཚེས་གཅིག་ཉིན་རིན་སྤུངས་རྒྱལ་གར་ཆོས་རྫོང་པ་དང་། ལྷ་སའི་ནུབ་ངོས་ཉེ་འདབས་སུ་ཡོད་པའི་སྐྱོར་མོ་ལུང་པ། ཤངས་གྲམ་བཀྲ་ཤིས་རྩེ་པ། གཅུང་རི་བོ་ཆེ་པ་བཅས་ནས་ནོར་གླིང་བསྐལ་བཟང་ཕོ་བྲང་གི་སྡིངས་ཆའི་སྟེང་དུ་གཟིགས་ཕུད་འབུལ་ཞིང་། ཚེས་གཉིས་ནས་ལྷ་མོ་ཚོགས་པ་རེ་རེས་གཟུགས་གྱི་ཉི་མ་དང་ཆོས་རྒྱལ་ནོར་བཟང་སོགས་ལྷ་མོའི་འཁྲབ་གཞུང་ཆ་ཚང་ཉིན་འཁྱོངས་རེ་འཁྲབ་སྟོན་བྱེད་པ་ཡིན་པས་ལྷ་ས་དང་ཉེ་འཁོར་གྱི་མང་ཚོགས་ཧ་ཅང་མང་པོས་གཟབ་མཆོར་གང་ལེགས་སྤྲས་ནས་ཉིན་ལྟར་འཚང་ཁ་ཤིག་ཤིག་གིས་ལྟད་མོ་ལྟ་བ་དང་གླིང་ག་གཏོང་བ་སྟེ་སྟབས་གཅིག་དོན་གཉིས་ལྟ་བུ་ནོར་གླིང་དུ་མི་ཚོགས་ཤིན་ཏུ་ཆེན་པོ་འཛོམས་ཏེ་ལྟད་མོ་ལྟ་བཞིན་དུ་རང་རང་འཁོས་བབ་ལ་གཞིགས་པའི་བཟའ་བཏུང་གིས་གཡོས་སྦྱོར་ལ་ཅི་དགར་ལོངས་སུ་སྤྱོད་པ་ཡིན། འོན་ཀྱང་སེ་འབྲས་གཉིས་སུ་དབྱར་གནས་འཁེལ་བས་དགེ་འདུན་རྣམས་ནོར་གླིང་དུ་གཟིགས་མོར་ཕེབས་མི་ཆོག གོང་གསལ་ལྷ་མོ་བ་རྣམས་ས་ཐག་ཉེ་རིང་ལ་མ་བལྟོས་པར་རྒྱས་བཅད་བཞིན་ལོ་ལྟར་བོད་ཟླ་དྲུག་པའི་ཚེས་ཉི་ཤུ་སྐོར་ལ་རྩེ་ཕྱག་ལས་ཁུངས་སུ་འབྱོར་ཐོ་འགོད་པར་ཡོང་དགོས་པ་རེད། གལ་ཏེ་དུས་ཐོག་ཏུ་འབྱོར་ཐོ་འགོད་པར་ཡོང་མ་ཐུབ་ན་ཆད་པ་འཕོག་པ་སྟེ་སྤྱི་ལོའི་༡༩༥༧ལོར་སྙེ་མོ་བྱ་སྒོ་བ་ཞེས་པ་དེང་སང་སྙེ་མོ་རྫོང་གི་ཉེ་འདབས་སུ་ཡོད་པའི་དར་གྲོང་གྲོང་ཚོའི་ལྷ་མོ་བ་རྣམས་ཀྱིས་དགེ་རྒན་གྱི་བུ་འབྱོར་ཚེས་ཞུ་བར་སྙེ་མོ་ནས་སྔོན་ལ་བཏང་ཡང་ཁོ་པས་དུས་ཐོག་ཏུ་འབྱོར་ཐོ་འགོད་རྒྱུ་མ་བྱུང་བས་དེ་ནས་བཟུང་ཁོ་ཚོ་ཞོ་སྟོན་སྐབས་ནོར་གླིང་དུ་ལྷ་མོ་འཁྲབ་མི་ཆོག་པ་བཟོས་པ་རེད།
ཉེ་བའི་ལོའི་ནང་ཞོ་སྟོན་འདི་ཉིད་ཁག་དང་པོའི་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚན་ཐོའི་ནང་བཅུག་ཡོད་པ་མ་ཟད་སྤྱི་ལོ་༢༠༠༨ལོར་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་སུམ་ཅུའི་ནང་ཀྲུང་གོའི་དུས་ཆེན་ཐོན་ལས་གྱི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབ་པའི་དུས་ཆེན་སུམ་ཅུའི་གྲས་ཞེས་པའི་བྱ་དགའ་ཡང་སྤྲད་ཡོད་པ་རེད།