གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ནི་སྔར་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་རིགས་ལས་མཆེད་པའི་གདུང་རབས་བཅུ་གསུམ་པ་ན།གཡས་རུ་གཙང་གི་དགེ་བཅུའི་དཔལ་འབྱོར་མཐའ་དག་མི་ཚང་བ་མེད་པའི་ཉང་སྟོད་རིག་པའི་འབྱུང་གནས་ཀྱི་ས་ཆ་སྒོ་བཞི་རེ་ཐང་དུ་ཡབ་ཁྱུང་པོ་རྡོ་རྗེ་དང་།ཡུམ་པདྨ་འོད་ལྡན་ཞེས་བྱ་བ་མཛངས་མའི་ཡོན་ཏན་བརྒྱ་དང་ལྡན་པ་རྣམ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ས་ཁྱི་(སྤྱི་ལོ་༡༡༡༨)ལོའི་ཟླ་བཞི་པའི་ཚེས་བརྒྱད་ཉིན་སྐུ་འཁྲུངས།སྐུ་ཆུང་ངུའི་དུས་ནས་བྱིས་པ་གཞན་དང་མི་འདྲ་བར་སྐྱེས་སྟོབས་ཀྱི་རྩལ་དང་ལྡན་ཞིང་།དགུང་ལོ་གསུམ་ལ་ཕེབས་སྐབས་བྱིས་པ་མང་པོ་འཛོམས་པའི་དབུས་སུ་རྩ་ཆུའི་བརྟག་པ་དང་ས་རྡོ་སྔོ་སོགས་ལ་སྨན་གྱི་ངོས་འཛིན་མཛད་པས་སྐྱེ་བོ་ཀུན་ཀྱང་ཧ་ལས་པར་གྱུར།དགུང་ལོ་བརྒྱད་ལ་ཕེབས་སྐབས་སྨན་དཔྱད་བསྐྱངས།དེ་ནས་དགུང་ལོ་བཅོ་བརྒྱད་ནས་བཟུང་རྒྱ་གར་དུ་སྔ་རྗེས་ཐེངས་དྲུག་ཙམ་བྱོན།ལོ་པཎ་མང་པོའི་ཞབས་ལ་གཏུགས་ནས་བཀའ་བསྟན་གཞུང་ལུགས་སྤྱི་དང་།ཁྱད་པར་དུ་གསོ་བ་རིག་པའི་དཀའ་གནད་མང་པོ་སེལ་བར་མཛད།གཡུ་ཐོག་ཆེན་པོས་སྐུ་ཚེ་ཧྲིལ་པོ་ནད་པའི་འགྲོ་དོན་རྒྱ་ཆེ་མཛད་ནས་སྤྲང་པོ་དང་ནད་ཀྱིས་མནར་བའི་ཉམ་ཐག་པ་རྣམས་ལ་ཟང་ཟིང་གི་དངོས་པོ་གང་ལ་གང་འདོད་དང་།ཁྱད་པར་དུ་སྨན་གྱི་སྦྱིན་པ་རྒྱ་ཆེན་མཛད།སྐུ་ཚེའི་སྨན་དུ་དཔལ་ལྡན་རྒྱུད་བཞི་འདི་ཉིད་གསོ་དཔྱད་གཞུང་ལུགས་ཀུན་གྱི་ཡང་རྩེར་གཟིགས་ནས་ཕྱི་རབས་ཀྱི་དོན་དུ་བཀའ་རྒྱ་བཀྲོལ་ཏེ་གངས་ཅན་སྐྱེ་བོ་ཀུ་གྱི་སྤྱི་ནོར་དུ་སྤེལ།སྐད་གསར་བཅད་ཀྱིས་གཏན་ལ་ཕབས་ནས་བུའི་དོན་དུ་གསེར་མཆན་དང་།སློབ་མའི་ངོར་ཟོང་མཆན་ཞེས་མང་ཉུང་གཉིས་བཀོད།དེ་མཚུངས་རྩ་རྒྱུད་ཀྱི་ལེའུ་གྲངས་དང་།བཤད་རྒྱུད་ཇ་དང་སྨན་ཟས་ལེའུ་སོགས་སུ་ཐེར་བུའི་བསྣན་ཁ་དང་བཅོས།ཕྱི་མ་རྒྱུད་དུ་སྨན་དཔྱད་ཟླ་བའི་རྒྱལ་པོའི་དགོངས་པ་རྩ་ཆུའི་བརྟག་པ་དང་།མ་བུ་དགྲ་གྲོགས།ཇ་དཀར་ཡོལ་ལ་སོགས་དང་།མན་ངག་རྒྱུད་དུའང་དོན་གོང་མཚུངས་ཀྱི་བསྣན་ཁ་དང་ཞུས་ལེགས་པར་མཛད་།དེ་བཞིན་རྒྱུད་བཞིའི་འཆད་ཐབས་སུ་ཆ་ལག་བཅུ་གསུམ་མམ་བཅོ་བརྒྱད་དུ་གྲགས་པ་ཁོག་འབུབས་ཁྱུང་ཆེན་ལྡིང་བ་དང་།སྟོང་ཐུན་མཛེས་པའི་འཇའ་རིས།ས་བཅད་སྟག་མོའི་རྔམས་ཐབས།ཌྰིཀྐ་མུན་སེལ་སྒྲོན་མེ།འགྲེལ་པ་འབུམ་ནག་གསལ་སྒྲོན།རྩོད་བཟློག་གེགས་སེལ་འཁོར་ལོ།ལག་ལེན་སྨར་ཁྲིད་ཡིག་ཆུང་།མེད་ཐབས་མེད་པ་རྣམ་གསུམ།གབ་པ་བཅོ་བརྒྱད་སོགས་གསོ་རིག་བསྟན་བཅོས་མང་དུ་བརྩམས།