བླ་ཆེན་ཁག་གིས་ཆོས་བཤད་མཛད་སྐབས་དང་མཇལ་དམངས་གཏོང་སྐབས་ཁྲི་མཐོ་ཙམ་རྒྱག་དགོས་ལ་སྦྱིན་བདག་ཁྱིམ་པ་རྣམས་ཀྱི་ཁྱིམ་དུ་ཕེབས་སྐབས་ཀྱང་མཐུན་རྐྱེན་ཡོད་ན་ཁྲི་བརྒྱབ་ནས་དེའི་ཐོག་ཏུ་བཞུགས་སུ་གསོལ་བ་བཅས་ནི་དད་གུས་ཀྱི་དབང་གིས་གོམས་གཤིས་སུ་འཇགས་པ་ཞིག་ཡིན། སྐྱ་བོའི་དབང་དུ་བྱས་ན་དེ་སྔ་སྤྱི་ཚོགས་རྙིང་པའི་ནང་ས་གནས་སྲིད་གཞུང་གི་བཀའ་བློན་རྣམས་ཕོ་བྲང་ཕྱིའི་མཛད་སྒོ་ཁག་སྟེ་གྲ་ཕྱི་རྩི་བཤེར་ལྟ་བུའི་སྐབས་སུ་ཁྲི་གདན་མཐོ་ཙམ་བརྒྱབ་ནས་དེའི་ཐོག་སྡོད་པ་དང་། སྨོན་ལམ་ཆེ་མོའི་སྐབས་ཀྱི་ཡ་སོར་ཁྲི་པ་ཡང་ཁྲི་གདན་མཐོ་ཙམ་གྱི་ཐོག་ཏུ་སྡོད་སྲོལ་ཡོད། དེ་བཞིན་སྐུ་དྲག་ཁག་གོ་ས་འཕར་བའི་ཚེ་རང་ཁྱིམ་དུ་རྟེན་འབྲེལ་བྱེད་སྐབས་དང་། ཆང་སའི་རྟེན་འབྲེལ་བྱེད་སྐབས་སུ་ཡང་བུ་དང་མནའ་མ་ཁྲི་གདན་མཐོ་ཙམ་ཐོག་བཞག་ནས་རྟེན་འབྲེལ་བྱེད་སྲོལ་ཡོད།
གྲལ་འགོ་གྲལ་གཤམ། བླ་མ་རྣམས་ཚོགས་གྲལ་དུ་བཞུགས་སྐབས་ནི་རང་རང་གྲུབ་མཐའི་ནང་གི་གོ་གནས་མཐོ་དམའ་གཞིར་བཟུང་ནས་མཐོ་བ་རྣམས་གོང་དུ་ཁྲི་མཐོ་བ་དང་། གོ་རིམ་བཞིན་དུ་དེའི་གཤམ་དུ་རིམ་པས་ཁྲི་དམའ་ཙམ་ལ་ཞུགས་སྲོལ་འདུག སྤྱི་ཚོགས་ཀྱི་གནས་བབས་འདྲ་མཉམ་ཡིན་པའི་གནས་ཚུལ་འོག་ལོ་ནའི་བབས་དང་བསྟུན་ནས་སྡོད་པ་སྟེ་ལོ་ན་རྒན་རྣམས་གྲལ་འགོར་སྡོད་པ་དང་གཞོན་པ་རྣམས་གྲལ་གཤམ་དུ་སྡོད་པ་ཡིན། སྐབས་རེ་ན་ཚོད་ཀྱི་ཧེ་བག་ཆེར་མེད་པའི་མི་འགའ་ཞིག་སྡོད་གནས་ཀྱི་གྲལ་འགོ་གྲལ་གཤམ་གྱི་དོན་དུ་ཨུ་ཚུགས་རྒྱག་རེས་བྱེད་པའང་ཡང་ཡང་མཐོང་རྒྱུ་ཡོད། དེ་ཡང་ང་མཐོ་ས་དང་བདེ་སར་སྡོད་དགོས་ཟེར་བ་མ་ཡིན་པར་ཁྱེད་གོང་དུ་ཞུགས་ཟེར་ནས་ཨུ་ཚུགས་བྱེད་རེས་བྱེད་པ་ཡིན། གཞན་ཡང་སྐབས་རེ་ལོ་ཆུང་བའི་ཤེས་ཡོན་ཅན་ཞིག་ཐུག་ན་ཤེས་ཡོན་ཅན་དེས་མི་རྒན་པ་དེར་ཁྱེད་བགྲེས་པ་ཡིན་པས་གོང་དུ་བཞུགས་དང་ཟེར་བ་དང་རིག་གནས་དེ་ཙམ་མེད་པའི་མི་དེས་ན་སོ་རྒན་པ་རྒན་པ་མིན། ཤེས་པ་ཆེ་བ་རྒན་པ་ཡིན་ཅེས་ཤོད་སྲོལ་ཡོད་པས་ཁྱེད་གོང་དུ་བཞུགས་དང་ཞེས་ཨུ་ཚུགས་བྱེད་མཁན་ཡང་ཡོད། དེ་ལྟར་སྡོད་གནས་དམའ་སར་ཨུ་ཚུགས་བྱེད་དོན་ནི། གཅིག་ནས་རང་ཉིད་དམའ་ས་བཟུང་ཞིང་གཞན་ལ་གུས་ཞབས་དང་ཞེས་ས་བྱེད་པ་ནི་ཡ་རབས་ཀྱི་སྤྱོད་བཟང་དུ་བརྩི་བའི་རྐྱེན་གྱིས་ཡིན་པ་དང་། གཉིས་ནས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཡང་ཡིན་ཏེ་སྐྱེས་བུ་དམ་པ་གང་ན་སུ་བཞུགས་མི་ཤེས་པས་རང་མཐོ་སར་བསྡད་པ་ཡིན་ན་རང་གི་གཤམ་དུ་སྐྱེས་བུ་དམ་པ་འདྲ་ལུས་པ་ཡིན་ན་རང་གི་བསོད་ནམས་དང་དབང་ཐང་ལ་གནོད་ཡོང་བསམ་གྱིན་ཡོད་པའི་རྐྱེན་གྱིས་ཀྱང་ཡིན། སྤྱི་ཚོགས་རྙིང་པའི་ནང་དུ་སྒེར་རམ། གཞུང་གི་སློབ་གྲྭ་ཁག་གི་ནང་དུ་སྡོད་གནས་ཀྱི་གྲལ་འགོ་གྲལ་གཤམ་གྱི་གོ་རིམ་ནི་སློབ་གྲྭའི་རྒན་བདག་དེ་ས་ཁྲི་མཐོ་ཙམ་ཞིག་གི་ཐོག་ཏུ་གདན་སྒོར་ཞིག་བརྒྱབ་ནས་སྡོད་པ་དང་། རྒན ་གཡོག་རྣམས་ས་ཁྲི་མེད་པར་གདན་ཐོག་སྡོད་པ་ལས་སློབ་ཕྲུག་དཀྱུས་མ་རྣམས་ནི་ལོ་ནའི་བབ་དང་དབུལ་ཕྱུག་སོགས་ལ་མི་ལྟ་བར་བསླབ་པ་རྒན་གཞོན་གྱི་གོ་རིམ་བཞིན་དུ་སྡོད་པ་དང་། དགོན་སྡེའི་གྲྭ་བཙུན་རྣམས་ཀྱང་བླ་ཆེན་གྱི་སྤྲུལ་སྐུ་དང་། མཁན་པོ་དབུ་མཛད་སོགས་ལས་སྣེ་ཕུད་གྲྭ་པ་དཀྱུས་མ་རྣམས་ནི་བསླབ་པ་རྒན་གཞོན་གཞིར་བཟུང་སྡོད་དགོས་ཀྱི་ཡོད།