བཀས་བཀོད་རྒྱུད་འཛིན་གྱི་བག་ཆགས་ཟབ་པའི་དབང་གིས་རིགས་རུས་ཆོ་འབྲང་ཞེས་པ་ཤིན་ཏུ་གལ་ཆེར་འཛིན་པ་དང་། གཉེན་སྒྲིག་གི་དབང་ཆ་ཡང་ཕ་མ་ལ་མ་གཏོགས་དོ་བདག་སོ་སོར་ཐག་གཅོད་བྱེད་པའི་དབང་ཆ་ཧ་ཅང་དཀོན་པོ་ཡིན། ན་གཞོན་ཕོ་མོ་རང་མོས་ཀྱིས་མཛའ་བཅུག་འབྲེལ་བ་བྱུང་བའི་ནང་དུ་རིགས་རུས་མཐོ་དམའི་ཁྱད་པར་ལ་བརྟེན་ནས་ཕ་མས་ཁ་བྲལ་བཏང་བའི་ལོ་རྒྱུས་ཀྱང་ཡང་ཡང་གོ་རྒྱུ་ཡོད་པ་རེད། འོན་ཏེ་མནའ་མ་ཚུར་ལེན་དང་། བུ་མོ་བག་གཏོང་གི་ཁ་གཏད་ཕྱོགས་ཀྱི་ཆ་རྐྱེན་ཐད་མི་འདྲ་བའི་ཁྱད་པར་ཡོད་པ་ནི་ཚུར་ལེན་རྒྱུའི་མནའ་མ་དེ་ངེས་པར་དུ་རིགས་རུས་ཆོ་འབྲང་ཐད་མནའ་མ་ལེན་མཁན་གྱི་ཁྱིམ་ཚང་ལས་མཐོ་བ་བྱུང་ཡང་དམའ་བ་མ་ཡིན་པ་ཞིག་ལེན་ཅི་ཐུབ་བྱེད་པ་ལས་མནའ་མ་ལེན་ཡུལ་གྱི་ཁྱིམ་ཚང་དེའི་འབྱོར་པ་ཆེ་ཆུང་ལ་དེ་ཙམ་གྱི་གལ་ཆེར་འཛིན་གྱི་མེད།
ཡང་རང་གི་བུ་མོ་ཁྱིམ་ཚང་གཞན་དུ་མནའ་མར་གཏོང་བའི་ཚེ་མནའ་མར་གཏོང་ཡུལ་གྱི་ཁྱིམ་ཚང་གང་ཞིག་ལ་བུ་མོ་སྟེར་བ་ཡིན་ན་བུ་མོ་དེ་མི་ཚེ་སྐྱིད་པོ་ཡོང་མིན་ལ་ཚོད་དཔག་གིས་ཐག་གཅོད་བྱེད་པ་ཡིན་ཏེ་དཔེར་ན། ཁྱིམ་ཚང་གང་ཞིག་རིགས་རུས་མཐོ་ཞིང་སྤྱི་ཚོགས་ཀྱི་གནས་བབ་མཐོ་བ་མ་ཟད། འབྱོར་པ་ཤིན་ཏུ་ཆེ་བ་ཞིག་ཡིན་ཀྱང་ཁྱིམ་ཚང་གི་སྒྲིག་སྲོལ་དམ་ཞིང་། མི་ཆ་མང་ལ་གོང་འོག་གཡས་གཡོན་གང་སར་བསྟུན་དགོས་པ་སོགས་ཡིན་ན་ཁྱིམ་ཚང་དེ་འདྲའི་ནང་གི་མནའ་མ་ཁག་པོ་ཡོང་བའི་ཚོད་དཔག་བྱས་ཏེ་བུ་མོ་མི་སྟེར་བ་དང་། ཡང་ཁྱིམ་ག་གེ་མོ་ཞིག་རིགས་རུས་དེ་ཙམ་མཐོ་པོ་མིན་པ་དང་འབྱོར་པ་ཤིན་ཏུ་ཆེ་བ་མིན་པ། སྤྱི་ཚོགས་ཀྱི་གནས་བབ་ཀྱང་དེ་ཙམ་མཐོ་པོ་མིན་རུང་། ལྟོ་གོས་འཛོམས་ཤིང་བུ་དང་ཕ་མའི་གཤིས་རྒྱུད་ལེགས་པ་བཅས་ཡིན་ན་བུ་མོ་མི་ཚེ་སྐྱིད་ལ་འཁྱོལ་བའི་རེ་བ་དང་བཅས་བུ་མོ་མནའ་མར་སྟེར་བ་ལྟ་བུ་ཡོང་གི་ཡོད། དེ་ཡང་ཁ་རྒྱུན་དུ་མནའ་མ་ཁུངས་གཙང་ནས་ལེན། བུ་མོ་སྐྱིད་སར་གཏོང་ཞེས་པ་ལྟར་ཡིན། དེའི་རྒྱུ་མཚན་ནི་བུ་མོ་དམའ་སར་བཏང་བས་རང་གི་ཁྱིམ་ཚང་གི་རིགས་རུས་སོགས་ལ་ཕན་གནོད་མི་འབྲེལ་བ་དང་། གལ་ཏེ་མནའ་མ་དམའ་ས་ནས་བླངས་ན་རིགས་རུས་ཆོ་འབྲང་ལ་ཤུགས་རྐྱེན་ཐེབས་ངེས་པས་ཡིན། དེར་བརྟེན་སྐུ་དྲག་གི་བུ་མོ་ཁྲལ་བ་དང་ཚོང་པའི་ཁྱིམ་ཚང་སོགས་ཀྱི་མནའ་མར་བཏང་བ་མང་པོ་ཡོད་ཀྱང་། ཁྲལ་པའི་ཁྱིམ་ཚང་གི་བུ་མོ་སྐུ་དྲག་གི་མནའ་མར་བླངས་པ་ཉུང་ཉུང་ཡིན།